རོང་བཙན་ཁ་བ་དཀར་པོ་སྲིད་པ་འདིར་ཆགས་པའི་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-24   རྩོམ་ཁུངས།    ཁམས་པའི་འཛུམ་རིས།

        རོང་བཙན་ཁ་བ་དཀར་པོ་སྲིད་པ་འདིར་ཆགས་པའི་སྐོར།


དེ་ཡང་སྔོན་གྱིག་ཡིག་ཚང་དུ་མ་རུ།།

སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ།།

བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ།།

སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ།།

ཀུན་ཏུ་ཆུ་ཡི་རྒྱ་མཚོར་འགྱུར་བཞིན་མཆིས།།

ཞེས་བཀོད་ཡོད་པ་རང་རེས་མཐོང་རྒྱུ་ཡོད།།

 གཞན་ཡང་།

མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།།

ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།།

རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།།

ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།།

བོད་མཁས་ཡུལ་གྱི་རྣམ་པ་གསལ་པོ་དོད།།

 

      ཅེས་གསལ་བ་ལྟར་དང་ཐོག་བོད་ཡུལ་སྟོད་སྨད་བར་གསུམ་ཐམས་ཅད་ཆུ་ཡིས་གང་ལ་རྒྱ་མཚོ་ཆེན་པོ་ཞིག་ཡིན།དེ་ནས་རིམ་བཞིན་ཆུ་རྣམས་ཐིམ་སྟེ་བོད་ཡུལ་གྱི་རྣམ་པ་གསལ་པོ་ཐོན་པའི་འདོད་ཚུལ་དེ་ལ་དེང་དུ་སྐྱེ་བོ་ཀུན་གྱིས་བློ་མཐུན། འདིར་གླེང་བར་བྱ་རོང་བཙན་ཁ་བ་དཀར་པོའི་རྒྱུད་བོད་ཡུལ་སྤྱི་དང་འདྲ་བར་སྲིད་པ་ཐོག་མ་ཆགས་པའི་དུས་སུ་ལྡེམ་ལྡེམ་དུ་འཁྱིལ་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་།རིམ་གྱིས་སའི་གོ་ལའི་ཤུན་གྱི་འགུལ་སྐྱོད་ཀྱི་དབང་གིས་ས་གཞི་དོད་ལ་རི་ཀླུང་ཡང་རིམ་གྱིས་ཆགས།  གནས་ལུགས་དེའི་སྐོར་ཡིག་ཆ་གཞན་དག་མང་པོ་ཞིག་ཏུ་མཐོང་རྒྱུ་ཡོད་པས། འདིར་ཡིག་ཚོགས་ལ་དོགས་ཏེ་མ་གླེང་བ་ཡིན། སྐབས་སུ་བབ་པར་ང་ཚོས་གླེང་རྒྱུ་ནི་རོང་བཙན་ཁ་བ་དཀར་པོ་དང་ཐོག་སྲིད་པ་འདིར་ཆགས་པའི་སྐོར་ཡིན་ལ། སྨྱུག་ཐོགས་པས་ཡུལ་དེར་གྲགས་པའི་ངག་རྒྱུན་ཞིག་གཟིགས་མཁན་རྣམ་པའི་སྤྱན་སྔར་ཕུལ་བ་ན་གཤམ་གསལ།

 

སྲིད་པ་དང་པོ་ཆགས་པའི་དུས་ཚོད་ལ།།

འཇིག་རྟེན་ཁམས་འདི་རྒྱ་མཚོ་ཆེན་པོ་ཡིན།།

མཐའ་ཡི་རྒྱ་མཚོ་ནང་ནས་རི་རབ་ཆགས།།

རི་རབ་སྟེང་ལ་གཡུ་ཡི་ཀ་བ་བཙུགས།།

གཡུ་ཡི་ཀ་བ་སྟེང་ལ་གསེར་ཁྲི་བཞེངས།།

གསེར་གྱི་ཁྲི་ཐོག་ཁ་བ་དཀར་པོ་ཆགས།།

རོང་བཙན་ཁ་བ་དཀར་པོ་དེ།།

མི་དཀར་རྟ་དཀར་དུང་མདོག་བཞིན།།

ལུས་ལ་བརྒྱན་པའི་ཁྲབ་དང་རྨོག།

མདའ་དང་གྲི་དང་མདུང་དང་གཞུ།།

གཡོན་ལག་ཡིད་བཞིན་ནོར་བུ་འཛིན།།

གཡས་ལག་མདའ་དར་དཀར་པོ་འཛིན།།

བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་སུ།།

ཁ་བའི་འོད་ཟེར་ལྟ་བུའི་འཇའ་གུར་ཕུབ།།

ཉི་མ་ཟླ་བ་སྐར་མ་རྣམ་གསུམ་པོས།།

ཁ་བ་དཀར་པོའི་མགོ་ལ་ཏོག་རྒྱན་ཞིང་།།

གསེར་ལས་གྲུབ་པའི་རྨོག་ལ་རིན་ཆེན་བརྒྱན།།

སྐུ་ནི་སངས་རྒྱས་སྟོང་གི་སྐུ་ལས་མཛེས།།

གདོང་ནི་བཅོ་ལྔའི་དགོང་གི་ཟླ་བ་བཞིན།།

ཞོན་པའི་རྟ་ནི་དུང་མདོག་ལྷ་རྟ་ཡིན།།

གསེར་གྱི་སྲབ་དང་དངུལ་གྱི་མཐུར་མགོས་བརྒྱན།།

རིན་ཆེན་ལི་ཡི་ལིང་ཤང་སྐེ་ལ་བཏགས།།

ཚོན་སྣ་ལང་པོའི་ལྷ་དར་མགོ་ལ་བརྒྱན།།

ལྷ་དར་དང་པོ་དཀར་པོ་ཡིན།

ཁ་བ་དཀར་པོའི་བདེ་མཆོག་ཕོ་བྲང་ཉིད་ཀྱི་ལྷ་དར་ཡིན།

ལྷ་དར་གཉིས་པ་དམར་པོ་ཡིན།།

བཙན་དམག་བྱེ་བ་དུང་ཕྱུར་གྱི་ལྷ་དར་ཡིན།།

ལྷ་དར་གསུམ་པ་ནག་པོ་ཡིན།

བདུད་དམག་བྱེ་བ་དུང་ཕྱུར་གྱི་ལྷ་དར་ཡིན།།

ལྷ་དར་བཞི་པ་སྔོན་པོ་ཡིན།།

ཀླུ་དམག་བྱེ་བ་དུང་ཕྱུར་གྱི་ལྷ་དར་ཡིན།།

ལྷ་དར་ལྔ་པ་སྔོན་པོ་ཡིན།།

སྨན་ཆེན་བཟང་མོའི་དམག་དཔུང་བྱེ་བ་དུང་ཕྱུར་གྱི་ལྷ་དར་ཡིན།།

 

      གཞན་ཡང་། གསལ་དཔལ་རིའི་སྤྲུལ་སྐུ་པད་མ་བསྟན་འཛིན་གྱིས་ཉར་ཚགས་གནང་བའི་ཁ་བ་དཀར་པོའི་གསོལ་ཁ་ཚད་མེད་དངོས་གྲུབ་དཔག་བསམ་ལྗོན་པའི་དགའ་ཚལ་ཞེས་བྱ་བའི་ཡིག་རྙིང་ནང་དུ། དཀར་གསལ་གངས་ཀྱི་རི་བོ་ནགས་ཚལ་སྨན་ལྗོངས་སྤང་བྲག་རྫ་རིའི་སུལ་དུ་མཚོ་རྫིང་དུ་མས་བརྒྱན་ཞིང་། ནོར་བུ་རིན་པོ་ཆེན་གཏེར་ཁ་སྣ་ཚོགས་ཀྱིས་གཏམས་པ། བདུད་རྩིའི་ཆུ་མིག་མང་པོའི་རྦ་རླབས་ཤེལ་གྱི་ཕྲེང་བ་སྔགས་ཀྱི་སྒྲ་དབྱངས་སྒྲོགས་ཤིང་རི་དྭགས་སྣ་མིན་སྣ་ཚོགས་དང་སྟག་གཟིག་རྒྱུ་བ།སྡེ་བརྒྱད་གཏུམ་དྲག་བཙན་བདུད་ཀླུ་སྨན་བྱེ་བ་དུང་ཕྱུར་གནས་པའི་དབུས་སུ་ལྷ་ཡི་དར་ཟབ་གུར་དུ་ཕུབ་ཅིང་། འཇའ་ཚོན་གྱི་ཆོན་ཐག་བྲེས་པའི་ནོར་བུ་རིན་པོ་ཆེའི་གྲས་གཅལ་དུ་བཀྲམ་པའི་སྟེང་ན་སྐྱེས་བུ་རི་དབང་རྒྱལ་པོ་ཁ་བ་དཀར་པོ་མཛེས་སྡུག་ལང་ཚོ་ཕུན་སུམ་ཚོགས་པ་དུང་གི་མི་བོ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པ།  གཡས་མདའ་དར་དཀར་པོ་འཕྱར་བ་དང་ནོར་བུ་དབང་གི་རྒྱལ་པོ་བསམ་འཕེལ་ཐུགས་ཀར་འཛིན་ཞིང་།ཟ་འོག་བེར་དཀར་གཡུང་དྲུང་རལ་གྲི་དང་དུང་གི་རྨོག་ཞུ་དང་རྡོ་རྗེའི་རི་མོ་བཀྲ་བའི་ཁྲབ་ཆེན་གསོལ་ཞིང་།ཅང་ཤེས་ངང་དཀར་གསེར་སྲབ་གཡུ་མཐུར་ཅན་གྱི་རྟ་ལ་བཅིབས་པ། སྟག་རལ་གཡས་དང་གཟིག་ཤུབ་གཡོན་ན་བཀྲ་བ།འཁོར་དུ་གཡས་ན་བཙན་རྒོད་ཆེན་མོ་སྟག་མ་རོང་བཙན་དམར་པོ་ཁྲག་གི་མདངས་ལྟར་འཚེར་བ་ཨམ་གཙིགས་བསྡམས།གྱེན་དུ་བདུད་རྒྱལ་ནག་པོ་མུན་པའི་མདོག་ཅན་ཁྲོ་བརྗིད་ཆེ་བ། རྒྱབ་ཏུ་ཀླུ་ཡི་བུ་མོ་སྔོ་མོ་མཛེས་པའི་ཆ་བྱད་ཅན་རྣམས་རང་མདོག་གི་རྟ་ལ་ཞོན་ཞིང་།རང་མདོག་གི་མདའ་དར་འཕྱར་ལ་ནོར་བུ་བཟུང་ནས་ཁྲབ་དང་བེར་ཅན་འཁོར་གསུམ་ཡ་ལད་བརྫི་པ། ས་བདག་དང་བཙན་བདུད་ཀླུ་ཡི་འཁོར་ཚོགས་བསམ་མི་ཁྱབ་པ་དང་ལྡན་པའོ།།མདུན་དུ་ཡུམ་མཆོག་སྨན་བཙུན་ལྷ་མོ་དཀར་གསལ་མདའ་དར་དང་སྲིད་གསུམ་གསལ་བའི་མེ་ལོང་ཅན་དར་དཀར་གོས་འཇའ་ཚོན་གྱི་མཐའ་སྐུ་ཅན་གསོལ་ནས།ཤ་བ་ཨུ་མོ་ལ་བཅིབས་པ་སྨན་མཚོ་མོ་ཡི་ཚོགས་དབུས་འགྱིང་བག་ཅན་ནོ་ཞེས་གསལ་པོ་བཀོད་དོ།།


      སྤྲུལ་སྐུ་པདྨ་བསྟན་འཛིན་ལགས་ཀྱིས་མཁོ་འདོན་མཛད་པའི་ཡིག་རྙིང་གནས་ཆེན་ཁ་བ་དཀར་པོའི་གསོལ་ཁ་དངོས་གྲུབ་ཆར་འབེབས་ཞེས་པའི་མགོ་ལའང་།དར་དཀར་གུར་འཇའ་ཚོན་སྣ་ལྔ་ཆོན་ཐག་ཅན་གྱི་ནང་དུ་སྐྱེ་བོ་རི་དབང་ཁ་བ་དཀར་པོ་སྐུ་མདོག་དཀར་ལ་རྟ་ངང་དཀར་གསེར་སྲབ་གཡུ་མཐུར་ཅན།དར་དཀར་གྱི་བེར་དུང་གིས་ཁྲབ་རྨོག་ཅན། སྟག་རལ་གཡས་གཟིག་ཤུབ་གཡོམ། ལག་ན་མདུང་དར་དཀར་པོ་འཕྱར་བ།འཁོར་ཡང་ས་བདག་དེ་ལྟ་བུ་འབུམ་སྡེ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར།དེའི་རྒྱབ་ཏུ་བཙན་མི་དམར་རྟ་དམར་ཅན་སྐུ་ལ་དར་དམར་གྱི་བེར་ཆེན་མནབས་པ།སྟག་རལ་གཡས་གཟིག་ཤུབ་གཡོན། ལག་ན་མདུང་དར་དམར་པོ་འཕྱར་བ། དེའི་འཁོར་དུ་བཙན་དམག་འབུམ་སྔེ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར།དེའི་རྒྱབ་ཏུ་བདུད་མི་ནག་རྟ་ནག་ཅན་སྐུ་ལ་དར་ནག་གི་བེར་ཆེན་མནབས་པ། སྟག་རལ་གཡས་གཟིག་ཤུབ་གཡོན།ལག་ན་མདུང་ངར་ནག་པོ་འཕྱར་བ། དེའི་འཁོར་དུ་བདུད་དམག་འབུམ་སྡེ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ།དེའི་རྒྱབ་ཏུ་ཀླུ་མི་སྔོན་རྟ་སྔོན་སྐུ་ལ་དར་སྔོན་གྱི་བེར་ཆེན་བནམས་པ། སྟག་རལ་གཡས་གཟིག་ཤུབ་གཡོན།ལག་ན་མདུང་དར་སྔོན་པོ་འཕྱར་བ། དེའི་འཁོར་དུ་ཀླུ་དམག་འབུམ་སྡེ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ།དེའི་རྒྱབ་ཏུ་སྨན་བཙུན་བཟང་མོ་སྨན་ཤ་ཡུ་མོ་ལ་བཅིབས་བ། སྐུ་ལ་དར་དཀར་གྱི་གོས་ཟུར་གྱོན་པ་འཇའ་ཚོན་སྣ་ལྔ་ཅན་ཕྱག་ན་མདའ་དར་དང་མེ་ལོང་བསྣམས་པ།དེའི་འཁོར་དུ་སྨན་བཙུན་བཟང་མོ་བསམ་གྱིས་མི་ཁྱབ་པས་བསྐོར། ཞེས་རོང་བཙན་ཁ་བ་དཀར་པོ་འཁོར་དང་བཅས་པ་དེ་ལྟར་བཀོད།སྤྱིར་ལེའུ་འདིར་རོང་བཙན་ཁ་བ་དཀར་པོ་དང་ཐོག་སྲིད་པ་འདིར་ཆགས་པའི་སྐོར་གླེང་དགོས་མོད།འོན་ཀྱང་དེང་དུས་གནད་དོན་དེའི་སྐོར་གྱི་རྒྱུ་ཆ་ལག་ཏུ་ཐོབ་དཀའ་བས། ཁྱེད་ཀློག་མཁན་རྣམ་པར་ཞིབ་ཕྲ་ཞིག་འབུལ་སྐལ་དབེན།འདིར་ལག་ཏུ་ཐོབ་པའི་རྒྱུ་ཆ་དག་ཁྱེད་རྣམ་པའི་སྤྱན་སྔར་ཕུལ་ཏེ་དམངས་ཁྲོད་དུ་དར་བའི་ངག་རྒྱུན་དེ་དག་རྒྱུན་མ་ཆད་པར་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནུས་པའི་ལེགས་སྨོན་ཡིད་གཏིང་དུ་ཡང་ནས་ཡང་དུ་འདེབས་སོ།།