སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགྱིག་ཁུག་སྤྱོད་མཁན་ཡང་བསྐྱར་ཐོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ཉིན་འགའི་སྔོན།  གྲོང་མི་ཞིག་གིས་ཤམ་བྷ་ལ་གྲོང་ཆུང་གི་སྔོ་ཚལ་ཁྲོམ་རའི་ནང་འགྱིག་ཁུག་མང་པོ་སྤྱོད་འདུག་ཞེས་ཟེར་བ་དང་།  གསར་འགོད་པའི་ཡུལ་དངོས་སུ་སོང་རྗེས།  ཁྲོམ་ར་དེའི་ནང་གི་ཚོང་ཁང་མི་ཉུང་བས་འགྱིག་ཁུག་སྤྱད་ནས་སྔོ་ཚལ་དང་ཤིང་ཏོག  ཤའི་རིགས་སོགས་འཇུག་ཡོད་པ་དང་།  ཁོ་ཚོ་ལ་འདྲི་ན་ང་ཚོས་འགྱིག་ཁུག་སྤྱོད་ཡུན་རིང་ལ་དོ་དམ་བྱེད་མཁན་མི་འདུག  འགྱིག་ཁུག་དེ་རས་ཁུག་ལས་གོང་སླ་བས་ཚང་མས་འགྱིག་ཁུག་སྤྱོད་དགའ་འདུག་ཞེས་ཟེར།

ཅིའི་ཕྱི་ཁྲོམ་རའི་ནང་འགྱིག་ཁུག་སྤྱོད་མཁན་མང་པོ་བྱུང་རེད་ཞེ་ན།  གཙོ་བོ་ནི་དེའི་རིན་གོང་སླ་བའི་རྒྱུ་མཚན་ཡིན་ཏེ།  རྒྱུས་ལོན་བྱུང་བ་ལྟར་ན། འགྱིག་ཁུག་རེའི་གོང་ནི་རས་ཁུག་རེའི་གོང་ལས་སྒོར་ཟུར་གཉིས་ནས་ཟུར་གསུམ་སླ་འདུག་པས་འགྱིག་ཁུག་སྤྱོད་མཁན་མང་བ་རེད།

        2001ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འགྱིག་ཁུག་བཙོང་མི་ཆོག་པ་དང་སྤྱོད་མི་ཆོག་པའི་གཏན་འབེབས་གཏོང་བ་དང་ལོ་དེའི་ཟླ་7པའི་ཚེས་1ཉིན་ནས་བཟུང་འགྱིག་ཁུག་བཙོང་མི་ཆོག་པ་དང་སྤྱོད་མི་ཆོག་པ།  དེའི་རྗེས་སུ་སློབ་གྲྭ་དང་ལས་ཁུངས།  ཡུལ་སྐོར་ལྗོངས་ཁུལ་སོགས་སུ་འགྱིག་ཁུག་སྤྱོད་མི་ཆོག་པར་དྲིལ་བསྒྲགས་བྱས་པ་རེད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་དུང་ཆེད་དམིགས་ཀྱི་ཁྲིམས་འཛིན་རུ་ཁག་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་འགྱིག་ཁུག་བཙོང་མཁན་གྱི་འགྱིག་ཁུག་རིན་སྟེར་ནས་ཚུར་བསྡུ་པ་དང་།  ཚོང་ཁང་ཆེན་པོ་དང་ཁྲོམ་ར་སོགས་སུ་འགྱིག་ཁུག་གི་ཚབ་རས་ཁུག་རིན་མི་དགོས་པར་བཏང་བ་དང་།  དེའི་རྗེས་སུ་འཇོལ་རྫོང་དང་འབའ་ལུང་རྫོང་དུའང་ཁྱབ་པ་རེད།  སྐབས་དེར་གྲོང་ཁྱེར་དང་གྲོང་གསེབ་སོགས་ཀྱི་མཐའ་འཁོར་དུ་འགྱིག་ཁུག་གི་གད་སྙིགས་མེད་པས་གཙང་མར་གྱུར་བ་རེད།

        དེ་ཡང་ཉེ་བའི་ལོ་འདི་དག་ཏུ་འགྱིག་ཁུག་ཡང་བསྐྱར་སྤྱོད་མཁན་མང་པོ་སོང་བས་ལམ་འགྲམ་གྱི་ཤིང་སྡོང་དང་ཚེར་མའི་སྟེང་སོགས་ག་ས་གང་དུ་འགྱིག་ཁུག་གི་གད་སྙིགས་མཐོང་རྒྱུ་ཡོད་ལ།  གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལ་གནོད་པ་ཆེན་པོ་བྱུང་འདུག  དེ་བས་གཅིག་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རང་རྟོགས་ཀྱིས་འགྱིག་ཁུག་མི་སྤྱོད་པར་བྱེད་དགོས་པ་དང་།  གཉིས་ནི་འབྲེལ་ཡོད་སྡེ་ཚན་ཁག་གིས་དྲིལ་བསྒྲགས་དང་དོ་དམ་ལྟ་སྐུལ་བྱེད་ཚད་མཐོ་རུ་གཏོང་དགོས།