ཆུ་ཆེན་གྱི་འཁེལ་འཐག་དང་འཚེམ་དྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-11   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


        རྒྱལ་རོང་ཆུ་ཆེན་ས་ཁུལ་དུ་དར་བའི་བོད་ཀྱི་འཐག་དང་འཚེམ་དྲུབ་ཀྱི་ལག་རྩལ་ནི་དུས་རབས་9བའི་ནང་བྱུང་ཞིང་། མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་འཐུས་སྒོ་ཇེ་ཚང་དུ་སོང་སྟེ་རིམ་བཞིན་གྲུབ་པ་ཞིག་ཡིན་ལ། གནའ་བོའི་ཞང་ཞུང་གི་རིག་གནས་དུས་ད་བར་དུ་རྒྱུད་འཛིན་བྱུང་བའི་འགྱུར་རྡོ་གསོན་པོ་ཞིག་ཀྱང་ཡིན།

        འཐག་དང་འཚེམ་ལས་གྲུབ་པའི་དངོས་པོ་དག་ནི་གནས་དེར་འཚོ་བའི་མི་རྣམས་ཀྱི་འཚོ་བའི་ཉེར་སྤྱད་ཏག་ཏག་ཡིན་ལ། དེས་རྒྱལ་རོང་པའི་མཛེས་དཔྱོད་ལྟ་བ་དང་དད་འདུན་སོགས་མཚོན་གྱིན་ཡོད། འཐག་དང་འཚེམ་དྲུབ་ཀྱི་རྒྱུ་ཆ་ལ་རྩིད་པ་དང་ཁིལ། བལ། དར་སྐུད་སོགས་ཡོད་ཀྱང་། སྐེ་རགས་དང་ས་གདན། མགོ་དཀྲིས་སོགས་འཐག་པ་ལ་འཐག་ཐབས་མི་གཅིག་པས་འཐག་ཐབས་ཀྱང་སྣ་མང་ཕུན་སུམ་ཚོགས་པ་ཡོད།

        འཐག་དང་འཚེམ་དྲུབ་ཀྱི་ཁ་དོག་ནི་འཐག་བྱའི་དངོས་པོ་དང་དེའི་སྤྱོད་སྒོར་གཞིགས་ནས་གཏན་འཁེལ་བྱེད་དགོས། དངོས་པོ་འགའ་ཞིག་ལ་ཁ་དོག་དཀར་པོ་དང་ནག་པོ་ཁོ་ན་སྤྱད་པས་དཀར་ནག་གི་ཆ་དོད་པ་དང་། ཡང་འགའ་ཞིག་ལ་ཁ་དོག་སྣ་མང་སྤྱད་པས་ཚོན་མདངས་རྣམ་པར་བཀྲ། སྐེ་རགས་འཐག་པར་གཡུང་དྲུང་དང་མེ་ཏོག་གི་རི་མོ་སྤྱོད་ཀྱིན་ཡོད་ལ། རྒྱུན་པར་སྐེ་རགས་ཀྱི་ཐོག་ཏུ་རི་མོ་སྣ་ཚོགས་མཉམ་དུ་སྤྱོད་སྲིད་པས་སྐབས་འགར་སྐེ་རགས་གཅིག་གི་ཐོག་ཏུ་རི་མོ་སྣ་ཁ་བརྒྱ་ལྷག་ཀྱང་ཡོད་ངེས་སོ།།