ཆུ་སེར་གྱི་ནད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-05   རྩོམ་ཁུངས།    བོད་ཁུལ་གསོ་རིག་རྒྱུན་ཤེས།

ཆུ་སེར་གྱི་ནད་ལ་གྱུར་ཚུལ་དང་།དབྱེ་བ་དང་། རྟགས་དང་། བཅོས་ཐབས་དང་བཞིའི་སྒོ་ནས་བསྟན།

གཅིག  གྱུར་ཚུལ།

      ཆུ་སེར་ནད་ཀྱི་གྱུར་ཚུལ་ནི་ཁ་ཟས་ཀྱི་དྭངས་མ་དེ་མཆིན་པའི་ལམ་བརྒྱུད་ནས་ཁྲག་ཏུ་འགྲོ་བའམ་ཡང་ན་མཁྲིས་པ་ལ་དམར་ཤ་དང་སྐྱུར་ཆང་སོགས་གནོད་པའི་བྱེད་ལས་ཀྱིས་ཁྲག་ཏུ་འགྱུར།ཁྲག་དེའི་སྙིགས་མ་སྣོད་མཁྲིས་ཀྱི་ནང་དུ་གསོག་པ་དང་། མཁྲིས་པ་དེའི་དྭངས་མ་ཆུ་སེར་དུ་གྱུར་བ་དེ་སྡོད་པའི་གནས་ནི་ཤ་དང་རུས་པ་དོན་སྣོད་ཀུན་གྱི་ཕྱི་དང་ཐམས་ཅད་ལ་ཁྱབ་པར་གནས་ཤིང་།ཁྱད་པར་དུ་ཤ་མདངས་གཉིས་ཀྱི་བར་དང་ཚིགས་སོགས་ལ་གནས་པའི་ཆུ་སེར་གྱི་མང་ཉུང་གི་ཚད་ནི་མི་རང་གི་སྙིམ་པ་བཞི་རེ་ཡོད་དོ།།

གཉིས། དབྱེ་བ།

       དབྱེ་བ་རགས་པའི་དབང་དུ་བྱས་ན་ཆུ་སེར་རིགས་ཀྱི་དབྱེ་བ་དང་ཆུ་སེར་འཇུག་པའི་སྒོའི་དབྱེ་བ་གཉིས་ཡོད་ལ།ནང་གསེས་རིགས་ཀྱི་དབྱེ་བ་ལ་ཆུ་སེར་དཀར་བོ་དང་། ཆུ་སེར་ནག་པོ་གཉིས། ཆུ་སེར་དཀར་བོ་བད་རླུང་དང་གྲང་བར་བསྡོངས་ཤིང་།ཆུ་སེར་ནག་པོ་ཁྲག་དང་མཁྲིས་པ་ཚ་བ་བཅས་བསྡོངས་པ་ཡིན་ནོ། ། འཇུག་སྒོའི་དབྱེ་བ་ནི་ཆུ་སེར་པགས་ལ་གྲམས་པ་དང་།ཤ་ལ་རྒྱས་པ་དང་། རྩ་རུ་རྒྱུག་པ་དང་། རུས་ལ་ཞེན་པ་དང་། དོན་ལ་བབས་པ་དང་། སྣོད་དུ་ལྷུང་བ་དང་དྲུག་ཡོད་དོ།།

གསུམ། རྟགས།

      ཆུ་སེར་གྱི་ནད་དེ་དག་ངོས་འཛིན་པར་བྱེད་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས།དང་བོ་སྤྱི་རྟགས་ནི་ཟ་འཕྲུག་བྱེད་ཅིང་ཐོར་བ་ལེབ་མོར་འོང་བ་དང་། སྐབས་སྐབས་སུ་ལུས་ཀུན་སྦོ་ཞིང་སྐྲངས་པ་དང་།ཤའི་མདོག་སྔོ་ལ་རྩུབ་ཅིང་འབྲུམ་པ་འོང་བ་དང་། གྲ་མ་དང་ཕུབ་མ་སོགས་ཀྱིས་རེག་ན་ཟ་འཕྲུག་བྱེད་པ་དང་།སྐྲ་དང་སྨིན་མ་གཉིས་བྱི་བའོ། ། གཉིས་པ་བྱེ་བྲག་གི་རྟགས་ནི། ཆུ་སེར་དཀར་བོ་ལ་རྩ་དང་ཆུ་གཉིས་ཀའི་རྟགས་གྲང་བ་དང་།ནམ་ཞོད་ཀྱི་དུས་སུ་རླན་དུགས་དང་ཆུར་ཞུགས་ནས་གྲང་བའི་ནད་ལྡང་བ་དང་། ལུས་དྲོས་བ་དང་དྲོད་བཅུད་ཀྱི་ཟས་ཟོས་རྗེས་བདེ་བར་མངོན་པའོ།། ཆུ་སེར་ནག་པོ་ལ་རྩ་དང་ཆུས་ཚ་རྟགས་སྟོན་པ་དང་། མེ་དང་ཉི་མས་དྲོས་པ་དང་ཆང་འཐུངས་པ་དང་སྟོན་ག་རྣམས་སུ་ནད་ལྡང་བའོ།། ཆུ་སེར་པགས་ལ་གྲམས་པའི་རྟགས་ནི་ཟ་འཕྲུག་བྱེད་ཅིང་འབྲུམ་ཐོར་ཆུང་ངུ་མང་བ་དང་། འཕྲུགས་ན་ཆུ་སེར་འཛག་པ་དང་།པགས་པའི་མདོག་སྔོ་ཞིང་རྩུབ་པ་དང་། པགས་པ་གྱོང་ལ་སྲིན་ཐོར་མང་བོ་འབྱུང་བའོ། ། ཆུ་སེར་ཤ་ལ་རྒྱས་ན་ཉྭ་སྒང་རྣམས་ལ་ཤུ་བ་འབྱུང་ཞིང་ཤ་ཀུན་འགུལ་འཕྲིག་བྱེད་པ་དང་།སྐྲངས་ཤིང་སྦོ་བ་ཡིན་ནོ། ། རྩ་རུ་རྒྱུག་པ་ནི་རྩ་ཀུན་སྦྲིད་ཅིང་འཁྱུག་པ་དང་། ཚ་མྱག་ཚ་བར་བྱེད་པ་དང་།གྲང་ཞིང་བསིལ་བའི་སྐབས་སུ་ཆུ་སེར་འོང་བ་དང་། རྩ་མིག་ནང་དུ་སྲོག་ཆགས་རྒྱུ་བ་ཡིན་པ་འདྲ་སྙམ་བྱེད་པ་འབྱུང་ངོ་།། རུས་པ་ལ་ཞེན་ན་རུས་པ་ལྷང་ལྷང་ན་བ་དང་། ཚིགས་དམིགས་རྣམས་ན་བ་དང་། བརྐྱང་བསྐུམ་དང་འགྲོ་འདུག་དཀའ་བ་དང་།ཚིགས་པའི་ཁ་རྣམས་སྐྲངས་ཤིང་ཟ་ལ་ཤུ་ཐོར་འབྱུང་བའོ། ། དོན་ལྔའི་དང་བོ་སྙིང་ལ་ཆུ་སེར་ཞུགས་པ་ལ་ཤེས་བ་འཕྱོ་ལ་སྙིང་འདར་བ་དང་།ལུས་སྟོད་བརྒྱངས་ཤིང་སྙིང་མི་དགའ་བ་དང་། དབུགས་དངངས་ཤིང་ཚིག་པ་ཟ་ལ་ཁྲོ་ཚིག་སྨྲ་བ་དང་།བྲང་ག་ལ་སྲིན་ཐོར་དང་ཤ་བཀྲ་སོགས་འོང་བ་དང་། ལྕེ་ལའང་ཐོར་བ་རྒྱུན་དུ་འོང་བ་ཡིན་ནོ། །གློ་བར་ཆུ་སེར་ཞུགས་ན་གློ་མང་ཞིང་མིག་དང་རྐང་བོལ་སྐྲངས་བ་དང་། བྲང་རྒྱབ་གཟེར་ལ་སྐད་འགགས་ཤིང་མཚུལ་བ་སྐམ་པའོ།། མཆིན་པར་ཞུགས་ན་མིག་ནས་མཆི་མ་རྒྱུན་དུ་འཛག་ཅིང་ལུས་ལྕི་བ་དང་། སྣ་ཁྲག་འོང་ཞིང་ཕོ་མཆིན་ན་བའོ།། མཚེར་བར་ཞུགས་ན་ཁོང་བ་སྦོ་འཁྲོག་བྱེད་ཅིང་མཆུ་ལ་ནད་རྒྱུན་དུ་འབྱུང་བའོ། ། མཁལ་མ་ལ་ཞུགས་ན་སྐེད་པ་དང་དཔྱི་དང་བརླ་སུལ་རྣམས་ན་བ་དང་།སྨད་ལྕི་ལ་རྐང་བ་སྦྲིད་ཅིང་རྩ་ཀུན་འཁྲུག་པའོ། ། སྣོད་ལ་བབས་ན་མིག་སེར་ལ་ཚ་བར་འགྱུར་བ་དང་།སྔོན་ལ་གླང་ཐབས་ལྡང་ཞིང་དེའི་རྗེས་སུ་དྲི་ཆུ་སྡོམ་པ་དང་། སྐབས་སྐབས་སུ་མདོག་སེར་སྨུག་ཅན་འཁྲུ་བའོ།།

བཞི  བཅོས་ཐབས།

      ཆུ་སེར་གྱི་ནད་བཅོས་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས་སྤྱིའི་བཅོས་ཐབས་ལ་སྨན་དཔྱད་ཟས་སྤྱོད་བཞི་ཡོད་ལ།ཆུ་སེར་དཀར་བོ་དང་ཆུ་སེར་ནག་པོ་གཉིས་ལ་གཉེན་པོ་སོ་སོར་བསྟེན་དགོས་པ་ཡིན་པས། དང་བོ་ཆུ་སེར་དཀར་བོ་ལ་ཟས་སྤྱོད་དྲོད་བཅུད་ལྡན་པའི་རིགས་བསྟེན་དགོས་ཏེ།ཁ་ཟས་ལུག་ཤ་དང་། འཕྱི་བའི་ཤ་དང་། རྟ་ཤ་དང་། བོང་བུའི་ཤ་དང་། བུར་ཆང་དང་། གཟེ་མའི་ཆང་དང་།རྩ་བ་ལྔའི་ཟན་ཆང་དང་མར་རྙིང་སོགས་གཏོང་། སྤྱོད་ལམ་རླན་ཅན་དང་གྲང་བའི་རིགས་བསེར་བུ་སོགས་སྤང་དགོས།ཆུ་སེར་སྤྱི་ལ་སྨན་ཁྱུང་ལྔ་དང་། ཀླུ་བདུད་བཅོ་བརྒྱད་དང་། བོང་ཁྲག་ཉེར་ལྔ་དང་། སྤོས་ཁྱུང་བཅོ་ལྔ་དང་།དངུལ་ཆུ་རིན་ཆེན་སྦྱོར་བ་དང་། རྩ་བ་ལྔའི་ཁཎྚ་སྦྲང་དབ་བུ་རམ་་སྦྱར་བ་དང་། མུ་ཟི་དྲུག་པའི་སྦྱོར་བ་དང་།བཅས་སྒ་དང་པི་པི་ལིང་དང་ཙི་ཏྲ་ཀ་དང་སུག་སྨེལ་དང་ཛཱ་ཏི་རྣམས་སྦྱར་བ་གཏོང་། རྩ་བ་ལྔ་དང་སེང་ལྡེང་འབྲས་བུ་གསུམ་ཟོ་མར་བཅས་བཙོས་པའི་མར་ཁུ་བུ་རམ་སྦྱར་བ་ལ་བཅའ་སྒ་ལ་སོགས་པའི་དྲོད་སྨན་སྣ་ཚོགས་པའི་ཕྱེ་མའི་ཁ་ཚར་བཏབ་པ་བཏང་བས་གྲང་བའི་རིགས་ཀྱི་ཆུ་སེར་གྱི་ནད་མ་ལུས་པ་སེལ་བར་བྱེད་དོ།། སྦྲང་སྨྱོན་ཏེ་དུག་ཅན་སྦྲང་བུས་བསགས་པའི་སྦྲང་དང་བོར་ཆུང་ངུ་ནས་རིམ་གྱིས་ཆ་བསྐྱེད་ལ་གོམས་སུ་བཅུག་པས་སྦྲང་དུག་མ་བྱུང་ཙམ་དུ་བསྟེན་པ་དང་།ཡང་བཙན་དུག་བཅུ་བའི་རིལ་བུ་སྲན་མ་ཙམ་བསྟེན་ནས་ཆུ་སེར་སྐེམ་པར་བྱ། མུ་ཟི་འབྲུ་མར་ནང་དུ་བསྡུས་པའི་མར་སྦྲང་དང་སྦྱར་བ་བཟའ་ཞིང་།རྩ་བ་ལྔའི་སྨན་མར་དང་ཆང་སོགས་རིག་པས་དཔྱད་ལ་གཏོང་། དཔྱད་དུ་དོན་སྣོད་གང་བབས་ཀྱི་གསང་རྣམས་སུ་མེ་བཙའ་བྱའོ།། ཆུ་སེར་ནག་པོའི་བཅོས་ལ། ཟས་དང་སྤྱོད་ལམ་གཉིས་ཀ་བསིལ་བས་བཅོས་དགོས་ཏེ། ཁ་ཟས་བ་མཛོ་ར་གསུམ་གྱི་ཞོ་དང་དར་བ་མར་རྣམས་དང་ཆབ་ཚ་དང་རི་དྭགས་ཀྱི་ཤ་གསར་བ་རྣམས་བསྟེན།ཆང་དང་མར་རྙིང་དང་ཤ་སོགས་རུལ་བ་དང་བུ་རམ་རྣམས་སྤང་དགོས་སོ། ། སྤྱོད་ལམ་བསིལ་སར་དལ་བུར་འདུག་པ་ལས་དྲག་ཤུལ་གྱི་ལས་མི་བྱའོ།། ཆུ་སེར་ནག་པོའི་སྨན་ལ། སྔོན་བུ་དང་ལྕུམ་རྩ་དང་ཨ་རུ་དང་ཐར་ནུ་དང་རེ་ལྕག་དང་ཆུ་རྩ་དང་བྱི་ཏང་ག་དང་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་རྣམས་ཆུའི་ནང་དུ་སྤངས་པས་བཀྲུ།དེའི་རྗེས་སུ་ཕྱི་རྒྱུད་ཀྱི་རྩ་བཤད་བཏང་ལ་ཆུ་སེར་སྦྱངས། སྤོས་དཀར་བཅུ་བའི་སྟེང་སྐྱེར་བ་དང་སེ་རྒོད་དང་སེང་ལྡེང་དང་བ་རུ་རྣམས་བསྣན་པའི་ཕྱེ་མ་བཏང་།བ་ཡི་རྣམ་ལྔའི་སྨན་མར་དང་། ཕྱི་རྒྱུད་སེང་ལྡེང་སྨན་མར་བདུན་པ་དང་། དངུལ་ཆུའི་རིལ་བུ་རྣམས་བསྟེན་པས་ཆུ་སེར་སྐེམ་པར་འགྱུར་རོ།། དཔྱད་དུ་དོན་སྣོད་གང་ལ་བབས་པའི་རྩ་གཏར་དགོས་སོ། ། བྱེ་བྲག་སོ་སོའི་བཅོས་ཐབས་ལ། དང་བོ་ཆུ་སེར་པགས་ལ་གྲམ་པ་དང་ཤ་ལ་རྒྱས་པ་ལ་སྔོན་བུ་དང་སྲུབ་ཀ་བ་གཉིས་ཞོ་དང་སྦྱར་བ་དང་།སོ་མ་ར་ཛ་དང་ཤུ་དག་དང་ལི་ཤི་དང་ཙི་ཏྲ་ཀ་རྣམས་མར་དང་སྦྱར་བ་དང་། ཐལ་ཀ་རྡོ་རྗེ་དང་གཡེར་མ་གཉིས་མར་ལ་སྦྱར་བ་སོགས་བྱུག  དེ་རྣམས་གང་བྱས་ཀྱང་མ་ཕན་ན་ཕྱི་རྒྱུད་རྩ་སྦྱོངས་དང་སེང་ལྡེང་སྨན་མར་བདུན་པ་བསྟེན་དགོས།རྩར་རྒྱུག་ན་ནད་དམིགས་དང་གང་ཉེ་རྩ་ལ་གཏར་བ་དང་། རྩ་སྦྱོངས་ཕྱི་རྒྱུད་ལྟར་བྱ་ཞིང་རང་བྱུང་གི་ཆུ་ཚན་དང་བདུད་རྩི་ལྔའི་ལུམས་བྱ།དེ་རྗེས་ཕྱི་རྒྱུད་སེང་ལྡེང་སྨན་མར་བདུན་པས་ཕྱི་རྗེས་བཅད་པར་བྱའོ། ། རུས་བར་ཞེན་ན་ཕྱི་རྒྱུད་ནས་བཤད་པའི་ལྟོ་དང་རྩ་ལམ་ནས་སྦྱངས་པར་བྱས་རྗེས་ལ།རྩ་བ་ལྔ་དང་མུ་ཟིའི་སྨན་མར་སྦྱར་ལ་བཏང་། ཚིགས་དམིགས་སོགས་ཆུ་སེར་བྱུང་སར་མེ་བཙའ་བྱ་ཞིང་ཆུ་ཚན་གྱི་ལུམས་བསྟེན་པར་བྱའོ།། སྙིང་ལ་ཆུ་སེར་བབས་ན་མན་རྒྱུད་སྦལ་རྒྱབ་ཉེར་གསུམ་པ་བཏང་། སྙིང་རྩ་སྣོད་ཀ་གཏར་ཞིང་ཚིགས་པ་དྲུག་པ་ལ་མེ་བཙའ་གདབ།བཙན་དུག་རིལ་བུ་གོང་དུ་བཤད་པ་དང་། སེང་ལྡེང་སྨན་མར་བདུན་པ་བསྟེན། གློ་བར་ཆུ་སེར་ཞུགས་ན་མན་རྒྱུད་ཅུ་གང་བཅུ་གཉིས་པ་གཏོང་།གློ་རྩ་དྲུག་མགོ་གཏར་ཞིང་སྒལ་ཚིགས་བཞི་ལྔ་བསྲེག་དགོས་སོ། ། མཆིན་པ་དང་མཚེར་བ་གཉིས་ལ་ཆུ་སེར་ཞུགས་ན་ཕྱི་རྒྱུད་རྩ་སྦྱངས་དང་ལྟོ་སྦྱོངས་ལ་མཆིན་མཚེར་རང་རང་གི་གཉེན་པོས་ཁ་བསྒྱུར་ལ་བཏང་།ཡང་ན་གུར་ཀུམ་དང་བྲག་ཞུན་དང་གླ་རྩི་དང་པི་པི་ལིང་རྣམས་སྦྱར་བ་བཏང་། མཆིན་རྩ་རུ་ཐུང་གཏར་བ་ལ་མཆིན་པར་གཡས་དང་མཚེར་བ་ལ་གཡོན་པ་གཏར་བར་བྱའོ།། མཁལ་མ་ལ་ཆུ་སེར་བབས་ན་དམར་བོ་བཞིའི་ཐང་བཏང་། རྩ་སྦྱོངས་བྱས་ལ་རྩ་བ་ལྔའི་སྨན་མར་བསྟེན།ཆུ་སེར་གང་དུ་བབས་སར་མེ་བཙས་བསྲེག  སྣོད་དུ་ཆུ་སེར་བབས་པ་ལ།གོང་གི་ཆུ་སེར་ནག་པོའི་སྐབས་ཀྱི་སྔོན་བུ་ལྕུམ་རྩ་སོགས་ཀྱིས་སྦྱོངས་པ་ལ་འབད་དགོས་སོ།། མདོར་བསྡུས་ན་ཆུ་སེར་འདི་འཕེལ་བས་ནད་གང་ལ་ཡང་འཇུག་སྟེ། ཤ་བཀྲ་དང་གླང་ཤུ་དང་སྲིན་ཐོར་དང་ཁྱེ་མ་དང་ཤུ་བ་དང་ཟ་རྐོང་དང་ཟ་འཕྲུག་རྣམས་སྐྱེད།འོར་དང་རྐྱ་རྦབ་དམུ་ཆུ་གསུམ་ཡང་ཆུ་སེར་གྱིས་སྐྱེད། སུར་ཡ་དང་མེ་དབའ་དང་དྲེག་གྲུམ་དང་གག་ལྷོག་དང་སྙོམས་ཚད་སོགས་ཀྱང་སྐྱེད་མགོ་དང་བྱང་ཁོག་ལ་སོགས་པའི་རྨའི་ཉེས་པ་ཐམས་ཅད་ཆུ་སེར་གྱིས་སྐྱེད།འབྲས་དང་མཛེ་ནད་ཀུན་ཀྱང་ཆུ་སེར་ལས་བྱུང་བས་ན། ཆུ་སེར་གྱི་ནད་འདི་ལ་བསྒྲིམས་ཏེ་བྱ་ར་བྱེད་པ་གལ་ཆེ་བས་ཆུ་སེར་དེ་ཉིད་ཉེས་གསུམ་ལྡན་འདུས་བླ་གཉན་དོན་ལྔ་སྣོད་དྲུག་གང་དང་གང་ལ་བབས་པའི་གཉེན་པོ།མན་རྒྱུད་ཀྱི་དངུལ་ཆུའི་རིལ་བུ་ལ་ནད་གང་དང་བསྡོངས་པའི་གཉེན་པོ་བསྡེབས་ཏེ་བསྟེན་པ་ལས་ལྷག་པ་མེད་པར་ཤེས་བར་བྱའོ།། ལུས་ལ་ཆུ་སེར་ཉུང་བའམ་ཟད་ན་ཤ་དང་པགས་པ་རྣམས་སྐམ་ཤིང་སྟོབས་ཤུགས་མེད་པར་འགྱུར་བས་རྟགས་དེ་ལྟར་བྱུང་ན་ཤ་དང་ཆང་སོགས་ཀྱིས་ལུས་སྟོབས་གསོ་དགོས་སོ།།