ཁྱིམ་ཚང་མཐུན་དང་མི་མཐུན།། པར་རིས་བརྒྱད་ཀྱིས་བསྟན་འོངས།།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-03   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརཉན་འཕྲིན་དྲ་བ།

      ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་ཚང་གི་ཁོར་ཡུག་གིས་བྱིས་པའི་ཚེ་གང་གི་གཤིས་ཀར་ཤུགས་རྐྱེན་ཐེབས་པ་དང་ཐག་གཅོད་བྱེད་བཞིན་ཡོད། ཁྱིམ་ནི་ང་ཚོ་མི་རེ་རེར་མཚོན་ན་ཧ་ཅང་གལ་ཆེན་ཡིན། ཁྱིམ་ཚང་བཟང་ངན་གང་ཡིན་རི་མོ་འདི་བརྒྱད་ཀྱི་ལམ་ནས་ཤེས་ཐུབ།

       ཁྱིམ་ཚང་བཟང་བོ། ཕན་ཚུན་བར་ན་ཁ་བརྡ་ཡོད་པ། ཕན་ནུས་ལྡན་པའི་འབྲེལ་འདྲིས་བྱེད་པ། ཁྱིམ་ཚང་ཡག་པོ་ཞིག་ཡིན་ན། ཕ་མས་བྱིས་པ་དང་འབྲེལ་གཏུག་བྱེད་ཤེས་པ་དང་། རྟག་ཏུ་བྱིས་པའི་གནས་ཚུལ་ལ་དོ་སྣང་བྱེད་པ། གནད་དོན་ལ་འཕྲད་སྐབས་གང་འདོད་དུ་སྐྱོན་བརྗོད་དང་གཤེ་གཤེ་མི་གཏོང་བར་བྱིས་པར་རང་ཉིད་ཀྱིས་གནད་དོན་ཐག་གཅོད་ཡང་དག་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། ཁྱིམ་ཚང་གི་ཁོར་ཡུག་དེ་ལྟ་བུའི་ནང་མི་ཚང་མ་ཧ་ཅང་སྐྱིད་ལ་ཕ་མ་དང་བྱིས་པའི་འབྲེལ་བ་དེ་ལས་ཀྱང་བཟང་།

          ཁྱིམ་ཚང་ངན་པ། ཕན་ཚུན་བར་ན་ཁ་བརྡ་མེད་པ། ཕན་ནུས་ལྡན་པའི་འབྲེལ་འདྲིས་མི་བྱེད་པ། ཁྱིམ་ཚང་ངན་པ་རྣམས་ལ་རྒྱུན་དུ་འབྲེལ་འདྲིས་མེད་པ་དང་། སྐད་ཆ་ཚིག་གསུམ་མ་ཐོན་ཡང་འཁོན་རེས་སྡུག་རེས་བྱེད་པ། ཐ་ན་འབྲེལ་འདྲིས་དང་ལེན་མི་བྱེད་པ། བྱིས་པའི་འགྲེལ་བཤད་དང་བསམ་ཚུལ་ལ་མི་ཉན་པར། རྩུབ་སྤྱོད་ཀྱི་ཉེས་རྡུང་དང་གཤེ་གཤེ་གཏོང་བ།


         ཁྱིམ་ཚང་བཟང་བོ། བདེ་འཇགས་དང་སྐྱིད་སྣང་ཚོར་བ། ཁྱིམ་ཚང་བཟང་བོས་ཁྱིམ་མི་ལ་དྲོ་སྐྱིད་ཚོར་དུ་འཇུག་པ་དང་། གང་དུ་ཡོད་རུང་། ཁྱིམ་དྲན་ཚེ་སྟོབས་ཤུགས་དང་ངར་ཤུགས་ཀྱིས་ཁེངས་ངེས་ཡིན།

        ཁྱིམ་ཚང་ངན་པ། དངངས་སྐྲག་དང་འཇིགས་སྣང་ཆེ་བ། ཁྱིམ་ཚང་ངན་པས་ཁྱིམ་མི་ལ་འཇིགས་སྣང་དང་བློ་མི་བདེ་བར་གཏད་ཅིང་། སེམས་ན་སྡུག་བསྔལ་ཇི་ལྟར་ཆེ་རུང་། ཕྱིར་ལོག་འདོད་མེད་པའི་སེམས་སྡུག་གི་གནས་སུ་གྱར་བ་རེད། ཁྱིམ་ཚང་བཟང་བོས་རྨ་ཁ་སྨན་གྱིས་བཅོ་ཞིང་། ཁྱིམ་ཚང་ངན་པས་རྨ་ཁ་གྲི་ཡིས་བསྣུན་པར་བྱེད།

           ཁྱིམ་ཚང་བཟང་བོ། ནམ་རྒྱུན་བཟང་བསྟོད་དང་བསྔགས་བརྗོད་མང་ཅིང་། ཁྱིམ་ཚང་བཟང་བོ་ཞིག་གིས་བྱིས་པའི་ལུས་སྟེང་གི་མི་མངོན་པའི་སྟོབས་ཤུགས་དང་ཁྱད་ཆོས་མཐོང་ཐུབ་པ་མ་ཟད། བྱིས་པར་དུས་ཐོག་ཏུ་སྐུལ་མ་བྱས་ནས་བྱིས་པའི་ཡིད་ཆེས་དང་རང་བརྩིའི་བསམ་པ་ཇེ་ཐོར་གཏང་ངེས།

            ཁྱིམ་ཚང་ངན་པ། ངན་སྨྲོས་དང་ལེ་བདའ་མང་ཞིང་། ཁྱིམ་ཚང་ངན་པ་ནི་སྐྱོན་མེད་སྐྱོན་འཚོལ་བྱེད་པར་དགའ་ཞིང་། བྱིས་པའི་སྟེང་གི་དོན་དག་གཅིག་ལ་ཡིད་མི་ཚིམ་པ་ཡིན་ན། བྱིས་པའི་བྱ་བྱེད་ཡོངས་སུ་ཁས་མི་ལེན་པ་དང་། བྱིས་པའི་ཡིད་ཆེས་དང་རང་བརྩིའི་བསམ་པ་ཇེ་ཞན་དུ་བཏང་ནས། བྱིས་པའི་མདུན་ལམ་རབ་རིབ་དང་གྲོགས་མེད་ཁེར་རྐྱང་གི་སྣང་བ་སྟེར་ངེས།

         ཁྱིམ་ཚང་བཟང་བོ། རྒྱུན་དུ་བརྩེ་བ་མཚོན་པའི་བྱ་བྱེད་སྟོན་པ། ཁྱིམ་ཚང་བཟང་བོས་དུས་དང་རྣམ་པ་ཀུན་ཏུ་བྱིས་པར་ཕ་མ་གཉིས་ཁོ་ལ་ཇི་འདྲའི་དགའ་བ་དང་། ཁོ་ནི་ཁྱིམ་ཚང་ནང་གི་ཁྱད་དུ་འཕགས་པ་ཞིག་དང་། ཀུན་གྱིས་བརྩི་མཐོང་བྱེད་པ། བྱིས་པས་ནོར་འཁྲུལ་བཟོས་ནའང་ཕ་མ་གཉིས་ཀྱིས་བསྐྱུར་བར་མི་སྲིད་པ་སོགས་ཆུང་དུས་ནས་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ནས་བརྩེ་སེམས་ཀྱི་ནུས་པ་གསོ་སྐྱོང་བྱ་ངེས།

             ཁྱིམ་ཚང་ངན་པ། ནམ་རྒྱུན་བརྩེ་བ་མཚོན་པའི་བྱ་བྱེད་མི་སྟོན་པ། ཁྱིམ་ཚང་ངན་པས་བརྩེ་བ་མི་སྟོན་པའམ་ཡང་ན་བརྩེ་བ་མེད་པ། ཕ་མས་བྱིས་པར་དགའ་བའི་རྣམ་འགྱུར་མི་སྟོན་པ་མ་ཟད། དེ་ལས་ལྡོག་པའི་རྩུབ་སྤྱོད་དང་མི་དགའ་བའི་རྣམ་འགྱུར་མང་ཙམ་སྟོན་ངེས། ཡུན་རིང་འགོར་རྗེས། བྱིས་པའི་ནང་སེམས་ལ་རྨ་ཁ་མང་པོ་བཟོ་སྲིད་ཅིང་། བདེ་འཇགས་ཀྱི་ཚོར་སྣང་གིས་མི་འདང་བ་དང་། གཉེན་ཉེའི་འབྲེལ་བ་རིང་དུ་འགྲོ་སྲིད།

             ཁྱིམ་ཚང་བཟང་བོ། རང་དཔེ་གཞན་སྟོན་བྱེད་ཅིང་། ཡ་རབས་ཀུན་སྤྱོད་ལ་བརྩོན། ཁྱིམ་ཚང་བཟང་པོའི་ཕ་མས་བྱིས་པར་རང་དཔེ་གཞན་སྟོན་བྱེད་ཅིང་།  བྱིས་པར་རང་འགུལ་གྱིས་མིག་དཔེ་བཟང་པོ་བསྟན་ནས། བྱིས་པར་ལྟ་ཞིབ་དང་སློབ་སྦྱོང་བྱེད་དུ་འཇུག་པ་ལས། བྱིས་པར་རང་ཉིད་ཀྱིས་སྒྲུབ་མི་ཐུབ་པའི་བྱ་བ་སྒྲུབ་ཏུ་མི་འཇུག་པ་དང་། ལག་ལེན་མེད་པའི་ཁ་བཤད་ཀྱི་ལས་ཀའང་སྒྲུབ་ཏུ་མི་འཇུག

        ཁྱིམ་ཚང་ངན་པ། སྐད་ཅོར་ཆེན་པོས་བྱིས་པར་དོ་དམ་བྱེད་པ། ཁྱིམ་ཚང་ངན་པ་ལུང་འཛིན་དང་ཚོད་འཛིན་གྱིས་ཁེངས་ཡོད་པ་དང་། ཕ་མས་རང་ཉིད་ཀྱིས་སྒྲུབ་མི་ཐུབ་པའི་བྱ་བ་མང་པོ་བྱིས་པའི་སྟེང་དུ་བཙན་འགེལ་བྱེད་པ་མ་ཟད། གལ་ཏེ་བྱིས་པས་སྒྲུབ་མ་ཐུབ་ན་ཉེས་རྡུང་དང་གཤེ་གཤེ་བྱེད་པ་དང་། ཕ་མ་གཉིས་ཀྱིས་རྒྱུན་དུ་བཙན་པོ་དབང་ཡོད་དང་། གཅིག་བཤད་ན་གཉིས་མེད་པའི་གནས་ལུགས་བཙོག་པས་བྱིས་པ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་ནས་རང་ཉིད་ཀྱི་གནད་དོན་ལ་བསམ་བློ་གཏན་ནས་མི་གཏོང་།

         ཁྱིམ་ཚང་བཟང་བོ། ཕ་མས་དུས་ཚོད་བཙལ་ནས་བྱིས་པར་སྤུས་ཚད་མཐོ་བའི་འདུག་རོགས་བྱེད་པ། ཁྱིམ་ཚང་བཟང་བོ་ཞིག་གིས་བྱིས་པར་བློ་གཅིག་སེམས་གཅིག་གིས་འདུག་རོགས་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ཕ་མས་དུས་དང་རྣམ་པ་ཀུན་ཏུ་བྱིས་པར་དོ་ཁུར་བྱེད་ཀྱི་ཡོད་མོད། འོན་ཀྱང་ཚད་བརྒལ་གྱིས་ཐེ་ཇུས་མི་བྱེད་པས། ཕ་མ་བུ་ཕྲུག་གི་འཚོ་བ་ཕུན་སུམ་ཚོགས་པའི་དོན་སྙིང་ཆེན་པོ་ལྡན་ཡོད།

          ཁྱིམ་ཚང་ངན་པ། མཉམ་འགུལ་དང་འདུག་རོགས་འགྲོ་རོགས་བྱེད་པ་ཧ་ཅང་ཉུང་། ཁྱིམ་ཚང་ངན་པ་དག་གིས་རྒྱུན་པར་ཕ་མ་གཉིས་ཀྱི་དུས་ཚོད་བློས་བཏང་ནས་རང་ཉིད་ཀྱི་རང་དབང་གི་དུས་ཚོད་བཙལ་བ་དང་། ཁྱིམ་ཚང་གི་ཁོངས་མིའི་བར་དུ་ཟ་མ་ཟ་བ་ལས་ཕལ་ཆེར་འབྲེལ་འདྲིས་མེད་པ་དང་། ལྷག་པར་དུ་ཨ་ཕ་རྣམས་ཀྱིས་རྒྱུ་མཚན་སྣ་ཚོགས་དྲངས་ནས་བྱིས་པ་ཚོའི་བྱིས་དུས་ཀྱི་འཚར་ལོངས་ཁྲོད་ཞུགས་ཐུབ་ཀྱིན་མེད།

             ཁྱིམ་ཚང་བཟང་བོ། རང་ཉིད་ཀྱི་མྱོང་ཚོར་སྤྱི་བསྒྲགས་བྱེད་པ། ཁྱིམ་ཚང་བཟང་བོ་ནི་ནང་སེམས་ལ་བཀག་རྒྱ་མེད་པ་ཞིག་ཡིན་པས་ཕ་མས་བྱིས་པའི་དགོས་མཁོ་དང་མྱོང་ཚོར་ལ་ཉན་ནས་བྱིས་པ་རང་ཉིད་ཀྱི་རང་ངོས་ཀྱི་ཚོར་སྣང་མཚོན་པར་བྱེད་པ་དང་འབྲེལ། བྱིས་པར་གྲོས་མགོ་དང་མཛུབ་ཁྲིད་སྔར་ལས་མང་བ་བྱེད་ངེས།

         ཁྱིམ་ཚང་ངན་པ། ཚོར་བ་དང་བསམ་ཚུལ་མི་བཤད་པ། ཁྱིམ་ཚང་གི་རྣམ་པ་ཧ་ཅང་ངན་པས་བྱིས་པ་ངེས་པར་དུ་ཕ་མ་ཁོ་ནར་བརྟེན་དགོས་པ་ལས་དོགས་འདྲི་བྱེད་པ་དང་དྲི་བ་འདོན་མི་ཆོག་པ་དང་། བྱིས་པའི་སེམས་ནང་ལ་གནོན་ཤུགས་ཐེབས་པས། སྐད་ཆ་བཤད་ནུས་ལའང་ཚོད་འཛིན་ཆེན་པོ་ཐེབས་ཀྱི་ཡོད།

          ཁྱིམ་ཚང་བཟང་བོ། བསྟོད་བསྔགས་བྱ་རྒྱུ་གཙོ་བོར་འཛིན་པ། ཁྱིམ་ཚང་བཟང་བོ་ཞིག་གིས་བྱིས་པར་དཀའ་ངལ་འཕྲད་སྐབས་རོགས་སྐྱོར་གྱི་ལག་པ་བརྐྱངས་ཏེ་ཁོ་ལ་གོམ་པ་རེ་རེ་བཞིན་དཀའ་ངལ་ཁྱད་གསོད་དང་དཀའ་གནད་ལས་སྒྲོལ་དགོས་པའི་སྐུལ་འདེད་བྱེད།

          ཁྱིམ་ཚང་ངན་པ། ཉེས་ཆད་གཅོད་རྒྱུ་གཙོ་བོར་འཛིན་པ། ཁྱིམ་ཚང་ངན་པས་དྲག་ཤུགས་ལ་བརྩི་མཐོང་བྱེད་པ་དང་། བྱིས་པའི་ནོར་འཁྲུལ་ལ་དཀར་ནག་གི་དབྱེ་བ་མི་འབྱེད་པར་ཆད་པ་ནན་མོ་བཅད་པས། བྱིས་པའི་ནང་སེམས་རིམ་བཞིན་དངངས་སྐྲག་གིས་ཁེངས་ངེས།

ཁྱིམ་ཚང་གང་འདྲ་ཞིག་ནས་བྱིས་པ་གང་འདྲ་ཞིག་གསོ་སྐྱོང་བྱེད་སྲིད་ལ། གོང་གསལ་པར་རིས་བརྒྱད་ཀྱིས་ང་ཚོར་ཁྱིམ་ཚང་བཟང་བོས་ཇི་ལྟར་ཕུལ་བྱུང་ཅན་གྱི་བྱིས་པ་སྐྱེད་སྲིང་བྱེད་པ་དང་། ཁྱིམ་ཚང་ངན་པས་བྱིས་པ་ཇི་ལྟར་བརླག་པའི་གནད་དོན་གསལ་པོ་བསྟན་ཡོད།

      ཁྱིམ་ཚང་བཟང་བོ་ནི་ཕ་མས་བྱིས་པར་སྤྲད་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན་པ་དང་། ཁྱིམ་ཚང་ངན་པས་ནི་བྱིས་པའི་བསམ་པའི་སྟེང་ལ་རྨ་ཁ་བཟོ་སྲིད་པས། ཕ་མས་ངེས་པར་དུ་སེམས་ལ་བརྟན་པོར་ངེས་དགོས།