པུས་ཚིགས་ལ་སྲུང་སྐྱོབ་བྱེད་ན་དུས་སྐབས་རེ་རེར་དོ་སྣང་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-03   རྩོམ་ཁུངས།    བོད་ཁུལ་གསོ་རིག་གླེང་སྟེགས།


 པུས་ཚིགས་ནི་མི་ལུས་ཀྱི་ཆེས་ཆེ་ཞིང་ཆེས་རྙོག་འཛིང་གི་ལྷུ་ཚིགས་ཤིག་ཡིན་པར་མ་ཟད།  ལུས་པོའི་ལྗིད་འདེགས་ཚད་ཆེས་གཙོ་བོའི་གནས་ཤིག་ཀྱང་ཡིན། མི་ཚེ་རིང་མོའི་བརྒྱུད་རིམ་ཁྲོད་པུས་ཚིགས་ལ་གནོད་སྐྱོན་འབྱུང་བ་ནི་ལྡོག་ཐབས་མེད་པ་ཞིག་ཡིན། པུས་ཚིགས་ཀྱིས་མི་རྣམས་ཀྱི་ཚེ་སྲོག་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ནའང་། པུས་ཚིགས་ཀྱི་བདེ་ཐང་ལ་དོ་ཁུར་བྱེད་མཁན་ཧ་ཅང་ཉུང་། མི་མང་པོས་རུས་ཚིགས་ཀྱི་ན་བའི་སྡུག་བསྔལ་གྱིས་ནོན་དུས་མ་གཏོགས་པུས་ཚིགས་ལ་སྲུང་སྐྱོབ་བྱེད་རྒྱུ་གཏན་ནས་མི་དྲན་ལ། དེ་དུས་ད་གཟོད་ན་གཞོན་དུས་སྐབས་ཀྱི་སྤྱོད་ལམ་མི་ལེགས་པ་དེ་དག་ལས་ད་ལྟའི་མཇུག་འབྲས་འདི་བསླངས་པར་འགྱོད་གདུང་དྲག་པོ་སྐྱེས་ཀྱང་འཕྱིས་དྲགས་པས། ང་ཚོས་སྔ་མོ་ནས་པུས་ཚིགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཤེས་དགོས།

      གཅིག འཚར་ལོངས་འབྱུང་བའི་དུས་སྐབས་ཏེ། ལོ་ན་བཅོ་བརྒྱད་ལ་མ་སོན་སྔོན་དུ་འགུལ་སྐྱོད་ལས་རྨས་སྐྱོན་བཟོ་བར་དོ་སྣང་བྱེད་དགོས།

      ལོ་ན་བཅོ་བརྒྱད་དུ་མ་སོན་སྔོན་དུ། པུས་ཚིགས་འཚར་སྐྱེ་འབྱུང་བའི་དུས་སྐབས་ཡིན་པས་ན་ཟུག་ཅུང་གཏོང་བ་ཡིན། ན་གཞོན་ལོ་ཆུང་གི་རུས་སྒྲོམ་འཚར་སྐྱེས་འབྱུང་ཚད་ཧ་ཅང་མགྱོགས་ཕྱིན། རྙིང་ཚབ་གསར་འབྱེད་ཀྱི་རྫས་མང་པོ་པུས་ཚིགས་ཀྱི་གནས་སུ་གསོག་སླ་བས། མཚན་མོར་པུས་ཚིགས་ཀྱི་ཉེ་འཁོར་དང་ཡང་ན་རྐང་པའི་ངར་གདོང་ལ་རྒྱུན་པར་ན་ཟུག་གཏོང་བ་ཡིན། འཚར་སྐྱེའི་ན་ཟུག་ནི་ན་གཞོན་ལོ་ཆུང་འཚར་ལོངས་འབྱུང་བའི་དུས་སྐབས་སུ་འབྱུང་སྲིད་པའི་རྒྱུན་ལྡན་གྱི་ན་ཟུག་ཅིག་ཡིན་ཞིང་། ན་ཚོད་སྨིན་ཟིན་དུས་རང་བཞིན་གྱིས་མེད་འགྲོ་བ་ཞིག་ཡིན།  ངལ་གསོ་བ་དང་། ན་ཟུག་གཏོང་བའི་གནས་དེར་ཕུར་མཉེད་བྱེད་པ་དང་དྲོད་བཅོས་བཅས་བྱས་ན་ན་ཟུག་གཅོག་ཐུབ། འཚར་སྐྱེའི་ན་ཟུག་དེ་མཚམས་རེར་འབྱུང་ལ། གལ་ཏེ་དུས་ཡུན་རིང་བོར་ན་ཟུག་གཏོང་བ་ཡིན་ན་དུས་ཐོག་ཏུ་སྨན་པར་སྟོན་དུ་འགྲོ་དགོས། རུས་སྐྲན་དང་བྱིས་པའི་ཁྲག་རིལ་དཀར་པོའི་ནད། ན་གཞོན་ལོ་ཆུང་གི་རུས་ཚིགས་གཉན་ཚད་བཅས་འབྱུང་བར་དོགས་ཟོན་བྱེད་དགོས། རྗེ་ངར་ཆེ་བའི་མདུད་འབུར་གྱི་རུས་པའི་སྣེ་འབུར་གཉན་ཚད་དེ་ལོ་བཅུ་གཅིག་ནས་བཅོ་ལྔའི་བར་གྱི་གཞོན་ནུར་འབྱུང་ཚད་ཆེས་མཐོ། འགུལ་སྐྱོད་དྲག་པོ་བྱས་རྗེས། རུས་ཚིགས་ཀྱི་གནས་སུ་སྐྲངས་པ་དང་ན་བ། དམར་པོར་འགྱུར་བ། པུས་ཚིགས་བརྐྱང་བསྐུམ་བྱེད་དུས་ན་ཟུག་ལྷག་ཏུ་གཏོང་བ་ཡིན། རྗེ་ངར་ཆེ་བའི་མདུད་འབུར་གྱི་རུས་པའི་གཉན་ཚད་དེ་རང་བཞིན་གྱིས་དྲག་འགྲོ་བས་སྨན་རྫས་ཀྱིས་གསོ་བཅོས་བྱེད་མི་དགོས་ལ། ནད་པས་ངལ་གསོ་བྱེད་པར་དོ་སྣང་བྱས་ནས། ཡར་རྒྱུགས་མར་རྒྱུགས་དང་ཡར་ལྡིང་མར་ལྡིང་བྱེད་པའམ་དུས་ཡུན་རིང་བོར་རྐང་ཐང་དུ་འགྲོ་བ་སོགས་བྱེད་མི་རུང་།

      འཚར་ལོངས་འབྱུང་བཞིན་པའི་ན་གཞོན་ལོ་ཆུང་གིས་རིམ་གྱིས་ལུས་སྦྱོང་བྱེད་པའི་བྱེད་ཐབས་སྤྱོད་དགོས། ཐོག་མར་འགུལ་སྐྱོད་འོས་འཚམ་བྱེད་པ་ནི་མི་ལུས་ཀྱིས་ནུས་ཚད་གསོག་འཇོག་དང་ཟད་གྲོན་གཏོང་བར་དོ་མཉམ་ཡོང་བར་སྲུང་འཛིན་བྱེད་པར་རོགས་རམ་བྱེད་པ་དང་། རུས་པའི་ཤ་གྲིམ་མ་ལག་འཚར་སྐྱེ་ལེགས་པོ་འབྱུང་བར་ཡར་སྐུལ་གཏོང་བ་ཡིན། དེར་བརྟེན་ན་གཞོན་ལོ་ཆུང་གིས་ལུས་རྩལ་སྦྱོང་བརྡར་བྱེད་སྐབས་འོས་འཚམ་སྒོས་བྱེད་དགོས་པ་མ་གཏོགས། ཚད་ལས་བརྒལ་བའི་སྒོ་ནས་ཡར་རྒྱུགས་མར་རྒྱུགས་དང་ས་ལྡིང་གནམ་ལྡིང་བྱས་ནས་རང་ལུས་ལ་རྨས་སྐྱོན་བཟོ་མི་རུང་། དེ་ལས་གཞན། ལུགས་མཐུན་སྒོས་ཀལ་རྒྱུ་མང་པོ་འདུས་པའི་ཟས་རིགས་སྣ་ཚོགས་ཟོས་ན། རུས་པའི་འཚར་སྐྱེ་ལ་ཕན།

     གཉིས། རྫོགས་ལྡན་གྱི་དུས་སྐབས་ཏེ། ལོ་ན་བཅོ་བརྒྱད་ནས་སུམ་ཅུའི་མཚམས་དེར་ཚད་ལས་བརྒལ་བའི་ལུས་སྦྱོང་བྱེད་མི་རུང་།  ན་གཞོན་དར་མའི་དུས་སུ་པུས་ཚིགས་ནི་ཆེས་བཟང་བོའི་དུས་སྐབས་ཡིན། ན་གཞོན་རྣམས་ལ་འགུལ་སྐྱོད་བྱེད་སྐབས་ངལ་དུབ་ཀྱི་ཚོར་སྣང་མེད་ཅིང་། ད་དུང་འགུལ་སྐྱོད་ལས་རྨས་སྐྱོན་བཟོ་བར་ངོས་ཟིན་ཡང་མེད་པས། ལོ་ཚོད་འདིའི་སྐབས་སུ་གཤམ་གྱི་གནད་དོན་འདི་དག་འབྱུང་སླ་བ་ཡིན།

      1.རྒྱུགས་རེས་ལས་གནོད་སྐྱོན་བཟོ་བ། རྒྱུགས་རེས་བྱེད་ཐབས་འོས་འཚམ་མིན་ཚེ། པུས་ཚིགས་ལ་གནོན་སྐྱོན་ཐེབས་སླ། རྒྱུགས་རེས་བྱས་པ་ལས་པུས་ཚིགས་ལ་གནོད་སྐྱོན་ཐེབས་ཚེ། པུས་མོའི་ཉེ་འཁོར་སུ་ན་ཟུག་གཏོང་བ་དང་། པུས་མོ་བརྐྱང་སྐུམ་བྱེད་པ་དང་ལ་ཐུར་དུ་འབབ་སྐབས་ན་ཟུག་ལྷག་ཏུ་གཏོང་བ་ཡིན། རྒྱུགས་རེས་ལས་གནོད་སྐྱོན་བཟོ་བར་སྔོན་འགོག་བྱེད་ན།   ཐོག་མར་འགྱིག་སྤྱིན་བཏིངས་པའི་རྒྱུགས་ལམ་འོས་འཚམ་གྱི་གནས་སུ་ལྷམ་བདེ་མོ་གྱོན་ནས་གང་ནུས་ཀྱིས་པུས་ཚིགས་ལ་གནོད་སྐྱོན་དང་བརྡབ་སྐྱོན་མི་འབྱུང་བར་བྱེད་པ་དང་། དེ་ནས་མ་རྒྱུགས་པའི་སྔོན་ལ་ངེས་པར་དུ་ངར་བསྐྱེད་འགུལ་སྐྱོད་བྱས་ནས་ལུས་ཀྱི་ཤ་གྲིམ་རེ་རེས་ཕན་ཚུན་ལ་མཐུན་སྦྱོར་བྱེད་ཚད་ཇེ་ལེགས་སུ་གཏོང་བ་དང་། དུས་ཡུན་རིང་བོར་འགུལ་སྐྱོད་དྲག་པོ་བྱེད་སྐབས་པུས་ཚིགས་སྲུང་ཤུབས་གྱོན་དགོས།

      2.མདུན་སྣོལ་རྒྱུས་པར་གནོད་སྐྱོན་ཐེབས་པ། མདུན་སྣོལ་རྒྱུས་པར་གནོད་སྐྱོན་ཐེབས་མཁན་མང་ཆེ་བ་ལྒང་ལི་དང་རྐང་རྩེད་སྤོ་ལོ་སོགས་ཆེད་ལས་རང་བཞིན་གྱི་འགུལ་སྐྱོད་ལས་བཟོས་པ་རེད། སྤྱིར་བཏང་གི་མི་ལ་ལར་སྦེ་ག་བྱེད་པ་དང་དར་ཤུད་རྒྱག་པ། བྱ་སྒྲོའི་སྤོ་ལོ་རྩེད་པ་སོགས་འཁོར་སྐྱོད་དྲག་པོ་བྱེད་སྐབས་ཀྱང་མདུན་སྣོལ་རྒྱུས་པར་གནོད་སྐྱོན་འབྱུང་སླ།

     3.ཟླ་གམ་ཕྲུམ་རུས་ལ་གནོད་སྐྱོན་ཐེབས་པ། ཟླ་གམ་ཕྲུམ་རུས་ལ་གནོད་སྐྱོན་ཐེབས་ཚད་མང་ཆེ་བ་ལུས་པོ་གློ་བུར་དུ་གཅུས་འགུལ་ཐེབས་པ་ལས་བཟོས་པ་རེད།

      འདིར་འགུལ་སྐྱོད་དང་སྦྱོང་བརྡར་བྱེད་རྒྱུར་དགའ་བའི་ན་གཞོན་རྣམས་ལ་གསལ་འདེབས་བྱེད་རྒྱུ་ཤིག་ཡོད་པ་ནི། རྫོགས་ལྡན་གྱི་དུས་སྐབས་ཏེ། ན་གཞོན་དར་མའི་དུས་སུ་པུས་ཚིགས་ཀྱི་བྱེད་ནུས་ཆེས་ལེགས་པའི་དུས་སྐབས་ཡིན་ཡང་། འོས་འཚམས་ཀྱིས་ལུས་སྦྱོང་བྱེད་དགོས་པ་མ་གཏོགས་གང་འདོད་སྒོས་ཚད་ལས་བརྒལ་བའི་འགུལ་སྐྱོད་གཏན་ནས་བྱེད་མི་རུང་བ་ཡིན།

      གསུམ། ཉམས་ཞན་དུ་འགྲོ་བའི་དུས་སྐབས་ཏེ། ལོ་ན་སུམ་ཅུ་ནས་ཞེ་ལྔའི་མཚམས་སུ་པུས་ཚིགས་ཇེ་བརྟན་དུ་གཏོང་དགོས།

      ལོ་སུམ་ཅུ་ནས་ཞེ་ལྔའི་མཚམས་སུ། པུས་ཚིགས་ཀྱི་ཕྲུམ་རུས་ལ་སྔོན་ནས་གནོད་སྐྱོན་ཅུང་ཐེབས་པ་དེར་ན་ཟུག་འབྱུང་ཚད་ཇེ་མང་དུ་འགྲོ་བ་དང་།  པུས་ཚིགས་ཉམས་ཞན་དུ་འགྲོ་མགོ་རྩོམ་སྲིད། ཕྲུམ་རུས་ལ་གནོད་པ་ཐེབས་པ་དེས་ཕྲུམ་རུས་ཀྱི་ཕྱི་ངོས་སུ་གནོད་སྐྱོན་བཟོ་བར་མ་ཟད། དེ་ལ་བརྟེན་ནས་པུས་ཚིགས་ཀྱི་འགུལ་སྐྱོད་ལའང་ཤུགས་རྐྱེན་བཟོ་སྲིད།

      ལུས་སྟེང་གི་རྙིང་ཚབ་གསར་འབྱེད་ཀྱི་ནུས་པ་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས་པུས་ཚིགས་ཀྱི་བྱེད་ནུས་ཀྱང་ཇེ་ཞན་དུ་འགྲོ་བ་ཡིན། དེར་བརྟེན་ཉམས་ཞན་དུ་འགྲོ་མགོ་བརྩམས་པ་དང་བསྟུན་ནས།  རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལྟར་འགུལ་སྐྱོད་ཀྱི་ཚད་དང་དྲག་ཞན་གཏན་འཁེལ་བྱས་ཏེ། པུས་ཚིགས་ཀྱི་བྱེད་ནུས་སྙོམ་སྒྲིག་དང་ཇེ་བརྟན་དུ་གཏོང་དགོས།

      དུས་སྐབས་འདིར། པུས་ཚིགས་ཀྱི་ཕྱི་ནང་གཉིས་ཀའི་རྒྱུས་པ་ཕལ་བར་གནོད་པ་ཐེབས་སླ་ཞིང་། ལྷག་པར་དུ་རྒྱུན་པར་ཕྱི་རྟིང་མཐོན་པོ་ཅན་གྱི་ལྷམ་གྱོན་པའི་བུད་མེད་རྣམས་ལ་མཚོན་ནས་བཤད་ན། པུས་ཚིགས་ཕྱི་ནང་གཉིས་ཀའི་རྒྱུས་པ་ཕལ་བར་ལྷག་ཏུ་གནོད་སྐྱོན་ཐེབས་སླ།

      བཞི། ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ཏེ། ལོ་ཞེ་ལྔའི་རྗེས་སུ་པུས་ཚིགས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་དགོས།

      དུས་སྐབས་འདིར་རུས་རྒྱུ་རིམ་གྱིས་ཟད་པ་དང་། པུས་ཚིགས་སྲ་མཁྲེགས་ཀྱི་ཚད་ཀྱང་ཇེ་ཞན་ཏུ་འགྲོ་མགོ་བརྩམས་པ་དང་བསྟུན་ནས་པུས་ཚིགས་ཀྱི་ནུས་པ་ཉམས་ཞན་དུ་གྱུར་འགྲོ། ནམ་རྒྱུན་པུས་ཚིགས་ལ་གནོད་སྐྱོན་ཅུང་ཙམ་ཐེབས་ནའང་ནད་རྟགས་སྣ་ཚོགས་འབྱུང་སྲིད་དེ། དཔེར་ན། འདྲེད་སྐྱི་ཚ་ནད་དང་དྲེག་ནད་རང་བཞིན་གྱི་རུས་ཚིགས་ཚ་ནད། རུས་ཚིགས་ཚ་ནད་སོགས་ལྟ་བུ་རེད།

      པུས་ཚིགས་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་འདིར། གཅིག་ནས་བཟའ་བཏུང་གི་བསྟེན་ཚུལ་ལ་དོ་སྣང་བྱས་ཏེ་ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱས་ན། རུས་ཚིགས་ཀྱི་ཁུག་ཁུར་ཇེ་ཡང་དུ་གཏོང་ཐུབ། གཉིས་ནས་ལྷམ་མཐིལ་མཐུག་པོ་དང་སྙི་མོ་ཡིན་པའི་ལྷམ་གྱོན་པ། གསུམ་ནས་ལྕགས་རྟར་ཞོན་པ་དང་རི་མགོར་འགོ་བ། ཐེམ་སྐས་སྟེང་དུ་འགོ་བ་སོགས་པུས་ཚིགས་ལ་གནོད་པའི་འགུལ་སྐྱོད་ཀྱི་རིགས་ཇེ་ཉུང་དུ་གཏོང་དགོས། ཉིན་རྒྱུན་རྐང་བ་ཡར་འདེགས་པ་དང་འཕྲེད་དུ་འདེགས་པ་སོགས་བྱས་ནས་པུས་ཚིགས་ཀྱི་ནུས་པར་སྦྱོང་བརྡར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།