བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-24   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ།

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་23ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་བཅིངས་འགྲོལ་བཏང་བའི་དུས་འགོའི་སྐབས་ཀྱི་ལོ་35.5ནས་མིག་སྔའི་ལོ་70.6བར་མཐོ་རུ་ཕྱིན་པ་དང་། སྦྲུམ་མའི་ཤི་ཚད་དེ་བཅིངས་འགྲོལ་བཏང་བའི་དུས་འགོའི་སྐབས་ཀྱི་5000/ཁྲི་10ནས་56.52/ཁྲི་10བར་ཆག་པ། ཕྲུ་གུ་དམར་འབྱར་གྱི་ཤི་ཚད་དེ་བཅིངས་འགྲོལ་བཏང་བའི་དུས་འགོའི་སྐབས་ཀྱི་430‰ནས་11.59‰བར་དམའ་རུ་ཕྱིན་པ་བཅས་2020ལོའི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས།

        འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ཡུན་དིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་དེ་ཉིད་ཏང་ཀྲུང་དབྱང་གི་མཛའ་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་གོང་ན་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེང་གི་ཆར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་བཙུགས་ཟིན་པ་དང་། རིན་མེད་སྨན་བཅོས་རྨང་གཞིར་བཟུང་བའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་བས་འཕྲོད་བསྟེན་བདེ་ཐང་གི་འཁོར་སྐྱོད་ལམ་སྲོལ་གསར་པ་གང་མགྱོགས་ཆགས་ཡོད་ཅེས་གསུངས།

        ངོ་སྤྲོད་ལ་གཞིགས་ན། 2018ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱིའི་གྲངས་འབོར་1548ཟིན་པ་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི་16787ཟིན་པས་མི་འབོར་སྟོང་རེར་ཉལ་ཁྲིའི་གྲངས་ཚད་4.88ཟིན་ཡོད། འཕྲོད་བསྟེན་མི་སྣའི་སྤྱིའི་གྲངས་འབོར་མི་24018དང་འཕྲོད་བསྟེན་ལག་རྩལ་མི་སྣ་19035ཡོད་པས་མི་འབོར་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ་5.54ཟིན་པ། མི་འབོར་སྟོང་རེར་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་2.41ཟིན་པ། མི་འབོར་སྟོང་རེར་ཐོ་འགོད་སྨན་གཡོག་1.62ཟིན་པ་བཅས་ལྗོངས་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་ཚིགས་གྲུབ་ཡོད།