ཁ་བ་དཀར་པོའི་ནང་སྐོར་གྱི་གནས་ཤར་གླེགས་བམ་གྱི་སྐོར་གྱི་བཤད་པ།

རྩོམ་པ་པོ།   བཀྲ་ཤིས་དོན་འགྲུབ། བསོད་རྡོ།  ཡིག་བསྒྱུར།       དུས་ཚོད།   2019-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཤར་གླེགས་བམ་ཞེས་པའི་ཡུལ་དེ་ནི་དེང་དུས་གནས་མཇལ་བ་ཡིན་ནའང་འདྲ།ཡང་ན་ཡུལ་སྐོར་འགྲུལ་པ་ཡིན་ནའང་འདྲ།སྐྱེ་བོ་ཀུན་གྱིས་རྣ་བར་ཆེས་ཐོས་གྲངས་མང་བའི་ཡུལ་ཞིག་ཡིན་ལ།མི་མང་ཆེ་ཤོས་སླེབས་ཐུབ་པའི་ཡུལ་ཞིག་ཀྱང་ཡིན།འོན་ཀྱང་དེར་མི་རྣམས་ཀྱིས་གསལ་པོར་མི་ཤེས་པའི་གསང་སྙིང་ད་དུང་མི་ཉུང་བ་ཞིག་ཡོད།

       ངག་རྒྱུན་དུ་གླེགས་བམ་གྲོང་ནི་དང་ཐོག་ཀརྨ་པཀྵི་མཆོག་གིས་གཏེར་ནས་བསྟན་པ་ཞིག་ཡིན་པ་སྟེ།བླ་མ་ཡུལ་འདིར་མ་ཕེབས་གོང་ལ་གྲོང་པ་དེ་ནི་ཤུག་སྡོང་གི་ཡལ་ག་ཞིག་གིས་བཀབ་གཤིས། སྐྱེ་བོ་ཚོས་མ་རིག་པར་གནས་ཤིང་། བླ་མ་མཆོག་གིས་ཤུག་སྡོང་གི་ཡལ་ག་དེ་སྤོས་ནས་གྲོང་ཚོ་དེ་མི་རྣམས་ལ་བསྟན་པ་མ་ཟད། མིང་ལའང་གླེགས་བམ་ཞེས་བྱ་བ་གསོལ། རྗེས་མར་དྲུང་པ་ནམ་མཁའ་རྒྱ་མཚོའང་ཡུལ་འདིར་ཕེབས་ནས་བསྐྱར་དུ་གནས་སྒོ་ཕྱེས་པ་དང་།མ་འོངས་པར་བླ་མ་བརྒྱ་དང་བཅུ་གསུམ་འདིར་ཕེབས་རྒྱུའི་ལུང་བསྟན་ཡང་མཛད། གཞན་ཡང་གླེགས་བམ་ནི་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་བང་མཛོད་དུ་ངོས་འཛིན་པས་ཡུལ་འདི་གནས་ཀྱི་མཆོག་ཏུ་བཞག    གླེགས་བམ་གྲོང་སྟོད་དུ་འགྲོ་དུས་ཤིང་ཟམ་ཞིག་བརྒྱུད་དགོས་ལ།ཟམ་པའི་འོག་ཏུ་གཏིང་ཟབ་པའི་ལུང་པ་དང་ཆུ་སྒྲ་ལྷང་ལྷང་གྲགས་པས།འདི་ནི་གྲང་དམྱལ་བརྒྱད་མཚོན་བྱེད་ཡིན་ལ་ཟམ་པ་ནས་བརྒྱུད་དུས་བློ་རྩེ་གཅིག་སྒྲིམ་གྱིས་གསོལ་སྨོན་བཏབ་སྟེ་གྲང་དམྱལ་གྱི་སྡུག་བསྔལ་མྱོང་མ་དགོས་པ་བྱ་བ་དང་། ལུང་མཐིལ་དུ་རྒྱུག་ཆུ་དེས་ཀྱང་བཛྲ་ཀློག་བཞིན་དུ་རྒྱུག་པ་རེད་ཅེས་ཀུན་གྱིས་བཤད། གཞན་ཡང་ཟམ་པའི་ཤར་ངོས་སུ་ཀརྨ་པའི་སྒྲུབ་ཆུ་ཞིག་དང་། ཟམ་པའི་ཤར་ནུབ་ཕྱོགས་གཉིས་སུ་ལས་མཁན་སྟག་མགོ་དང་ལས་མཁན་སེངྒེ་མགོ་ཡི་རང་བྱོན་ཡང་ཡོད། ཟམ་པ་བརྒལ་བ་དང་ཤི་གསོན་གྱེས་མའི་ལ་ཞེས་པའི་མི་གསོན་པོ་དང་འདས་པོ་ཁ་གྱེས་སའི་ལ་ཞིག་ཡོད། བཤད་སྲོལ་དུ་ནང་སྐོར་ལ་དགེ་བ་ཆེན་པོ་ལྡན་པས་མཇལ་མཁན་གྱི་ཨ་མེས་ཡང་མེས་དང་ཉེ་བ་འདས་པོའི་རྣམ་ཤེས་ཀྱང་མཇལ་བ་དང་མཉམ་མོ་ཡོང་ནས་གླེགས་བམ་ཤིང་ཟམ་དུ་རྣམ་ཤེས་དེ་དག་ཐར་བ་ཐོབ་སྟེ།ཡང་བསྐྱར་མཉམ་དུ་མ་ཕྱིན་པས་འདིར་ཤི་གསོན་གྱེས་མའི་ལ་ཞེས་མིང་ཆགས་པ་དང་། ལ་འདིར་ཤིང་སྡོང་གཅིག་ལ་ཡལ་ག་སྣ་ལྔ་ལྡན་པ་ཞིག་དང་། འབུམ་ཡི་རང་བྱོན་བཅས་མཇལ་རྒྱུ་ཡོད། ལ་དེའི་སྒང་ལ་སླེབས་པར་ཆོས་ཁྲི་པདྨ་སྒང་སྟེང་ལ་སླེབས་ཤིང་གླེགས་བམ་གྲོང་སྨད་དེར་ཆགས་ཡོད། གྲོང་དཀྱིལ་དུ་རྡོ་ཕ་བོང་གོར་མོ་ཞིག་ཡོད་པ་དེ་ནི་ཤར་གླེགས་བམ་ཞེས་པ་ཡིན་ཞིང་། དེ་ནི་དུས་སྔོན་ལ་ཀརྨ་པཀྵིས་གཏེར་ལས་བསྟན་པ་དང་གནས་ཆེན་ཁ་བ་དཀར་པོའི་བདེ་མཆོག་ཕོ་བྲང་གི་རྒྱལ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ཡིན། ངག་རྒྱུན་དུ་བསྐལ་པ་དུས་ཀྱི་ཐ་མར་ཤར་གླེགས་བམ་དང་ནུབ་བརྒྱ་བྱིན་ཞེས་པ་གཉིས་རང་ཤུགས་ཀྱིས་སྒོ་འབྱེད་ཡོང་བ་དང་། དེ་ནི་བྱང་ཤམ་བྷ་ལ་ཡི་རྒྱལ་སྒོ་ཡང་ཡིན་པར་གྲགས། ཤར་གླེགས་བམ་ཡོད་པའི་གནས་དེར་གླེགས་བམ་ལྷ་ཁང་ཡང་བཞེངས་ཡོད། དེའི་སྐད་གྲགས་ཤིན་ཏུ་ཆེ། མུ་མཐུན་ནས་བསྐྱོད་དེ་གྲོང་ཕྱིར་བུད་པ་དང་ཆོས་འབྱུང་གྲུ་གསུམ་ཞེས་པའི་སྤང་ཐང་ཞིག་ཏུ་སླེབས་ཤིང་། དེའི་དཀྱིལ་དུ་དགེ་ལུགས་པའི་ལྷ་ཁང་ཞིག་ཡོད་ལ་དེ་ནི་འཇོལ་དགོན་པ་བདེ་ཆེན་གླིང་གི་ཁོངས་སུ་གཏོགས། ལྷ་ཁང་འགྲམ་དུ་རྗེ་ཡབ་སྲས་གསུམ་པའི་བླ་ཤིང་དང་ཀརྨ་པའི་སྐུ་གདུང་། ཆབ་མདོ་འཕགས་པ་ལྷ་ཡི་བླ་ཤིང་སོགས་ཀྱང་མཇལ་རྒྱུ་ཡོད། ཆོས་འབྱུང་གྲུ་གསུམ་གྱི་བྱང་ངོས་སུ་བན་དེ་རི་ཡིན་ལ་དྲུག་སྔགས་མཚོམས་ཁང་ཡང་རི་སྐེད་དུ་མངོན། རི་དེའི་ཕྱི་གཟུགས་ནི་དོན་ལྔ་སྣོད་དྲུག་ལས་སྙིང་དང་ཀུན་ནས་མཚུངས་ཤིང་ངག་རྒྱུན་དུ་རི་དེའི་རྩེར་ཟངས་མདོག་དཔལ་རིའི་གནས་ཡོད་སྐད། གནའ་སྔ་མོར་རི་དེའི་འདབས་སུ་རི་དྭགས་རྔོན་ཏེ་འཚོ་བ་སྐྱོང་བའི་མི་ཞིག་ཡོད་ལ། ཁོ་རང་གིས་རི་ལ་རྙི་ཐག་མང་ཙམ་བཙུགས་ནས་ཉིན་རེར་རི་ཐོག་སྐོར་བ་ཐེངས་རེ་འགྲོ་གི་ཡོད། རྙི་ཐག་ལ་ཚུད་པའི་རི་དྭགས་ཕྱིར་ཁྱིམ་དུ་ཁྱེར་ཡོང་བ་དང་རྙི་ཐག་སླར་བཙུགས་ཏེ། སང་ཉིན་གྱི་བཟའ་བྱ་བསྒྲུབ་ཐབས་བྱེད།དེ་ནས་ཉིན་བསགས་ཟླ་བ་དང་ཟླ་བསགས་ལོ་ཕྱིན་པས། རི་དེའི་ཐོག་གི་རི་དྭགས་མི་ཉུང་བ་རྔོན་པ་དེའི་ཟས་སུ་གྱུར་ཅིང་། ཡང་མི་མི་ཉུང་བ་ཞིག་གིས་རྔོན་པའི་སྡིག་པའི་སྤྱོད་ལ་བྱོལ་ཏེ་ཡུལ་གཞན་དུ་གནས་སྤོས་པས། རི་དེར་འཚོ་བའི་རི་དྭགས་ཀྱི་གྲངས་འབོར་ཉིན་བཞིན་ཇེ་ཉུང་དུ་འགྲིབ། འདོད་རྔམ་གྱི་རང་གཤིས་ལྡན་པའི་རྔོན་པ་ལེ་ལོ་ཅན་དེ་ད་དུང་གོ་རྟོགས་མ་སད་པར་སྔར་བཞིན་སྡིག་སྤྱོད་ཀྱིས་འཚོ་བ་སྐྱོང་། ཉིན་ཞིག་ཁོ་རང་འདོད་རྔམ་གྱིས་བསྐུལ་ཏེ་རི་ཐོག་རྔོན་ཟོག་འཚོལ་སྒྲུབ་ཕྱིན་པའི་ཚེ་བན་དེ་ཞིག་དང་འཕྲད། བན་དེ་དེས་ཁོ་རང་ལ་རྙི་ཐག་བཙུགས་ཏེ་རི་དྭགས་རྔོན་ནས་འཚོ་བ་སྐྱོང་མི་རུང་ལ། དེ་ལྟར་བྱས་ན་གཅིག་ནི་སྡིག་པ་ཆེ་བ་དང་། གཉིས་ནི་བསོད་ནམས་ཟད་དེ་རང་ཉིད་ཚེ་ཐུང་བ་དང་མི་ཚེ་མི་རབས་དབུལ་ཞིང་ཕོངས་པའི་སྡུག་བསྔལ་མྱོང་དགོས་པས། དེ་ལས་རྔོན་བྱེད་པའི་སྡིག་སྤྱོད་རིང་དུ་སྤངས་ཏེ་སོ་ནམ་གྱི་ལས་བྱས་ན་ལེགས་ཚུལ་བསྟན། མི་དེས་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་བན་དེའི་གསུངས་པ་བཞིན་དུ་བསྒྲུབས།དུས་དེ་ནས་རི་དེའི་ཐོག་རི་དྭགས་ཉིན་བཞིན་ཇེ་མང་དུ་འཕེལ་ཞིང་སྔར་གྱི་ཕུན་ཚོགས་རྣས་པ་སླར་གསོ་བྱུང་། ཡུལ་མི་རྣམས་ཀྱིས་རི་བོ་འདི་ལ་གསོན་ཤུགས་ལྡན་པ་འདི་འདྲ་བྱུང་བ་བན་དེ་དེའི་བཀའ་དྲིན་ཡིན་པ་དང་། ཁོང་གི་ཞལ་གདམས་མ་བརྗེད་པར་དུས་དང་རྣམ་པ་ཀུན་ཏུ་སྐྱེ་བོ་རྣམས་ཀྱི་བྱ་སྤྱོད་གཅུན་ཕྱིར། རི་དེར་བན་དེ་རི་ཞེས་མིང་བཏགས་སོང་།

      གཞན་ཡང་རི་དེར་དྲག་སྔག་མཚམས་ཁང་ཞེས་འབོད་པའི་རྒྱུ་མཚན་ཡང་གཤམ་བཀོད་ངག་རྒྱུན་ལྟར། ཡང་སྔོན་མའི་དུས་སུ། ཤར་གླེགས་བམ་གྱི་ཨ་མྱེས་དྲག་སྔགས་ཞུ་བའི་སངས་པ་ཞིག་རི་དེར་ཡུན་རིང་སྒོམ་སྒྲུབ་བྱས་ཏེ་བཞུགས་པས།ཨ་མྱེས་དྲག་སྔགས་སྒོམ་སྒྲུབ་ཀྱི་མཚམས་ཁང་སྟེ།  དྲག་སྔགས་མཚམས་ཁང་ཞེས་པའི་མིང་དེའང་རི་དེར་ཆགས་པ་རེད།

        དེ་ཡང་གོང་དུ་ཞུས་པ་ལྟར་གླེགས་བམ་ནི་ཤུག་ཤིང་ཡལ་ག་འོག་ནས་གཏེར་བསྟན་པ་ཡིན་པས། སྔོན་མ་ཡུལ་དེར་བྲ་ནག་ལས་ལོ་ཐོག་ཞན་མི་འབྱུང་བས། ཡུལ་མི་རྣམས་ཀྱིས་རི་དྭགས་རྔོན་ཏེ་འཚོ་བའི་སྐྱོང་གིན་ཡོད། ཀརྨ་པ་སྐུ་ཉིད་ཡུལ་དེར་ཕེབས་ཏེ་གནས་ཚུལ་དེ་མཁྱེན་པས། ཕྱོགས་གཅིག་ཏུ་ཡུལ་མི་དེ་དག་ལ་རྔོན་བྱེད་པའི་ཉེས་དམིགས་གསུངས་པ་དང་། སྡིག་ལས་སྤང་དགོས་པའི་ཞལ་གདམས་གནང་ལ། ཕྱོགས་གཞན་གཅིག་ཏུ་ཤེལ་དམ་དུ་མི་བཏང་ནས་ལོ་ཐོག་གི་ས་བོན་ཉོ་སྒྲུབ་བྱས། དེ་ལྟར་ཀླུ་འབུམ་གྱིས་ཤེལ་དམ་ནས་ས་བོན་བསྒྲུབས་ཏེ་སོ་ནམ་གྱི་ལས་དར་ནས་འཚོ་བ་རྔོན་ལ་བརྟེན་མ་དགོས་པ་ཆགས། མདོར་ན་ཀརྨ་པའི་ཞལ་གདམས་བྱ་དགོས་པ་དང་། རང་ཕན་གཞན་གནོད་ཀྱི་བྱ་བ་སྒྲུབ་རྒྱུ་མེད་པ་དེ་ཡིན་ལ། སྙིང་དོན་འདི་ད་ལྟའང་ང་ཚོའི་བྱ་སྤྱོད་གཅུན་པའི་མན་ངག་ཏུ་འགྱུར་ཞིང་།རྗེས་མའང་དེ་ལྟར་ཡིན་པ་གཏན་གྱིས་འཁེལ།

     ཆོས་འབྱུང་གྲུ་གསུམ་ནས་སྨན་མཚོ་མོར་དམིགས་ཏེ་ཡུལ་རིང་མ་འགྲོ་བར་ལག་འགྲམ་གྱི་རྡོ་ཕ་བོང་ཞིག་ཏུ་སྐུད་པ་མདོག་སྣ་ཚོགས་ཀྱིས་རྡེའུ་བཏགས་ཡོད་པ་མཐོང་ལ། འདིར་མི་ཀུན་གྱིས་གནས་རྒྱབ་བྲག་རྩ་ཞེས་འབོད་ཀྱི་ཡོད། ལོ་བརྒྱ་ལྷག་གྱི་ཡར་སྔོན་དུ་གླེགས་བམ་གྲོང་སྨད་ཀྱི་ཇོ་མོ་ཞིག་འདིར་ཡོང་བར་ལྷ་དང་མཁའ་འགྲོ་མང་པོ་འཛོམས་པ་མཐོང་སྟེ། གོས་ནས་སྐུད་པ་འཐེན་ནས་རྡེའུ་ཞིག་བཏགས་ཏེ་ཕ་བོང་དེའི་ཐོག་བཞག   དེའི་རྗེས་སུ་གྲོང་མི་འགའ་དང་ཇོ་མོ་བཅས་ཕྱིར་ལོག་ཡོང་ནས་བལྟ་དུས། ཕ་བོང་ཐོག་ལ་སྐུད་པས་བཏགས་པའི་རྡེའུ་ལས་ཅི་ཡང་མཐོང་རྒྱུ་མི་འདུག  དེ་ནས་བཟུང་མི་རྣམས་ཡུལ་དེར་སླེབས་པ་དང་ཇོ་མོར་དཔེ་བལྟས་ཏེ་སྐུད་པས་རྡེའུ་བཏགས་ནས་ཕ་བོང་ཐོག་ཏུ་བཞག་པའི་སྲོལ་ཆགས། ནགས་ཁྲོད་ཀྱི་རྐང་ལམ་དེད་ནས་འགྲོ་བ་དང་སློབ་དཔོན་པངྨའི་བཛྲ་གུ་རུ་སྒྲུབ་ཆུ་ཞིག་ཡོད། དེ་ནས་བྱང་དུ་གད་པའི་རྐང་ལམ་ཞིག་ཡོད་ལ་མཁར་འགྲོ་ནགས་སུ་སླེབས། ལམ་དུ་མ་ཎི་རང་བྱོན་ཡོད་དེ་མཇལ་ན་སྤྱན་རས་གཟིགས་སྐུ་དངོས་མཇལ་དང་ཁྱད་མེད་པར་གྲགས། མ་ཎི་རང་བྱོན་ཤར་བའི་བྲག་རྡོ་དེའི་འོག་ཏུ་ཚེ་རིང་མཆེད་གསུམ་གྱི་སྐུའང་མཇལ་རྒྱུ་ཡོད། དེའང་ཡུན་ཙམ་འགྲོ་ཞིང་སྐས་ཤིག་ལ་འཛེགས་ཏེ་མཚམས་ཁང་ཞིག་ཏུ་སླེབས་ལ། མཚམས་ཁང་དེའི་འགྲམ་ངོགས་སུ་ཕོ་མཚན་རང་བྱོན་ཞིག་ཡོད་པ་དང་དེར་ཁ་བཏགས་འབུལ་ཞིང་སྨོན་ལམ་བཏབ་ན། རང་གི་འདོད་པ་བཞིན་བུའམ་བུ་མོར་མངལ་ཆགས་ནུས། དེའི་སྟེང་ཕྱོགས་སུ་བྲག་ཕུག་ཅིག་ཡོད་པ་དེ་ནི་མཁའ་འགྲོའི་གནས་ཡིན།མཁའ་འགྲོའི་གནས་ནས་བསྐྱར་དུ་ནགས་ཁྲོད་ཀྱི་རྐང་ལམ་དུ་སྐྱོད་ཅིང་རིམ་གྱིས་བསང་ཁྲི་རང་བྱོན་ཅན་དང་པདྨ་སྒྲུབ་ཕུག   བར་དོ་འཕྲང་ལམ། དམྱལ་ཁམས་བཅོ་བརྒྱད། བརྒྱ་བྱིན་བང་། པདྨ་འབྱུང་གནས་ཀྱི་སྐུ་ཡི་རང་བྱོན་བཅས་མཇལ་རྒྱུ་ཡོད། དེ་ནས་ལ་ཞིག་ལ་འཛེགས་ན་གླེགས་བམ་རྦབ་ཆུ་མིག་ལམ་དུ་བཀྲ། རྦབ་ཆུ་འདིར་བསོད་ནམས་རྦབ་ཆུ་ཟེར་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་སྟོང་གིས་བྱིན་གྱིས་རླབས་པའི་བུམ་ཆུ་ཡིན་ཞིང་། སྡིག་ཅན་སྡིག་སྒྲིབ་དག་པ་དང་། སྡིག་མེད་ལ་ཁྱད་འཕགས་མངོན་གྲུབ་ཐོབ་པར་གྲགས། དེ་བས་ངོ་མཚར་བ་ནི་བསོན་ནམས་རྦབ་ཆུ་ཞེས་མིང་དུ་གྲགས་པ་བཞིན་མི་བསོད་ནམས་ཅན་ལ་ཆུ་འདི་ཁྲུས་གསོལ་ཞུ་ཐུབ་པ་དང་།མི་བསོད་ནམས་མེད་མཁན་ལ་རྦབ་ཆུ་བར་སྣང་ནས་ཁ་ཕྱོགས་སྒྱུར་བའམ་རྒྱུན་ཆད་དེ་མི་དེར་ཐིགས་གཅིག་ཀྱང་མི་འཕོག་པ་དང་། བསོད་ནམས་ལྡན་པའི་མི་ལས་ཅན་དག་ལ་ཆུ་དཀོན་པའི་དུས་སམ་ཆུ་འཁྱགས་སུ་གྱུར་པའི་དུས་ཀྱང་དེའི་འོག་ནས་འགྲོ་ནའང་ཆུ་རྒྱུན་འབབ་ཡོང་ཞིང་འཇའ་ཡིས་ལུས་དཀྲིས་པའི་ཚུལ་ཡང་འཆར་རྒྱུ་ཡོད། བསོད་ནམས་རྦབ་ཆུ་འགྲམ་དུ་ད་རུང་ཚེ་དཔག་མེད་ཀྱི་ཚེ་ཆུ་དང་རྡོ་རྗེ་འཕགས་མའི་སྒྲུབ་ཆུའང་འབབ་ཀྱིན་ཡོད།

      བསོད་ནམས་རྦབ་ཆུ་མཇལ་ནས་ཕྱིར་གླེགས་བམ་གྲོང་སྟོད་དུ་ལོག་པ་དང་། གནས་ཆེན་ལྷ་མཚོ་མཇལ་འགྲོ་བའི་ལམ་དུ་གནས་ཆེན་བྲོ་ར་དང་། ཛམ་བྷ་ལྷ། རྟ་ཕག་ཡབ་ཡུམ། ཤྭ་བ་དགུ་འཇམ། མཁའ་འགྲོ་མའི་གཏེར་སྒམ། མེ་ཏོག་སྤང་སྟེང་། ཁ་བ་དཀར་པོའི་གཏེར་སྒམ།  ཁ་བ་དཀར་པོ་དགུང་ལོ་ལྔ་སྐབས་ཀྱི་ཞབས་རྗེས་དང་བྱེ་བ་ལུང་སོགས་མཇལ་རྒྱུ་ཡོད་དོ།།