ཀུན་བདེ་གླིང་རྩྭ་ཐང་གི་ཤྭ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-09   རྩོམ་ཁུངས།    མི་དམངས་དྲ་བ

  


བོད་ལྗོངས་ཟངས་རི་རྫོང་དཔལ་སྟོད་ཤང་བཙན་ཆུའི་ལུང་ཤུར་ནས་བྱང་ཕྱོགས་སུ་བསྐྱོད་ན། གང་མགྱོགས་བོད་ལྗོངས་ཀྱི་གྲགས་ཆེའི་ས་མཐོའི་འབྲོག་ར་སྟེ། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4300ལྷག་ཡོད་པའི་ཀུན་བདེ་གླིང་རྩྭ་ཐང་དུ་འབྱོར་བ་ཡིན། རི་མཐོ་ལམ་ཀྱོག་ཁྲོད། བོད་ཀྱི་ཤྭ་བ་ལྔ་དྲུག་དང་སྒོ་ཕྱུགས་ཁྱུ་གཅིག་ཞི་བདེ་བག་ལྷོད་ངང་མཉམ་དུ་ཟས་འཚོལ་བཞིན་ཡོད། གསར་འགོད་པས་རླངས་འཁོར་ཁ་བཀག་ནས་པར་རྒྱག་སྐབས། ད་གཟོད་དལ་མོའི་ངང་རི་ངོས་ཕྱོགས་སུ་བགྲོད། “ཤྭ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ལོ་20ཡི་སྔོན་དུ་འདི་གར་སྲུང་སྐྱོང་ཁུལ་བཙུགས་རྗེས། ཤྭ་བའི་རིགས་ཇེ་མང་དུ་ཕྱིན་ཡོད་ཅིང་། ད་ཆ་སྒོ་ཕྱུགས་དང་མཉམ་དུ་ཞི་ལྷོད་བག་ཕེབས་ངང་ཟས་འཚོལ་བར་གོམས་ནས་ཡོད་ལ། འགའ་ཞིག་ནི་ཐ་ན་མི་ལའང་སྐྲག་སྣང་བྱེད་ཀྱི་མེད།”ཅེས་རྫོང་དེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣ་རྣམ་རྒྱལ་གྱིས་བཤད།
      རང་བྱུང་སྲུང་སྐྱོང་ཁུལ་གྱིས་གནས་འདི་མིང་དོན་མཚུངས་པའི་རི་སྐྱེས་སྲོག་ཆགས་གླིང་དུ་འགྱུར་བར་བྱས་ཡོད། ཟླ་5པའི་ཟླ་འགོར་རྩྭ་ཐང་ཆེན་མོའི་འཁྱགས་རོམ་བཞུར་འགོ་ཚུགས། རི་སྐྱེས་སྲོག་ཆགས་ཀྱང་ངང་སྒུག་བྱེད་ལོང་མེད་པར་འགུལ་སྐྱོད་བྱེད་བཞིན་ཡོད། ལམ་བར་དུ། སྐབས་རེ་ས་གནས་དེ་གའི་འབྲོག་པ་ཚོས་“གངས་ཕག”ཅེས་འབོད་པའི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྲོག་ཆགས་སྟེ། ཧི་མ་ལ་ཡའི་འཕྱི་བ་གཞུང་ལམ་སྒྲོལ་བཞིན་ཡོད་ལ། ཟླ་ལྔ་དྲུག་ཙམ་དགུན་ཉལ་བྱས་རྗེས་གཟུགས་པོ་རིལ་རིལ་དུ་གྱུར་པའི་སྲོག་ཆགས་རྣམས་རྩྭ་ཐང་སྟེང་ཕར་བགྲོད་ཚུར་འོང་བྱེད་བཞིན་ཡོད།