དཀར་མཛེས་ནས་ཐང་བོད་རྡོ་བརྐོས་མིག་མངས་རྙེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


         ཉེ་ཆར།  དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་གཙོ་སྐྱོང་སྡེ་ཁག་གིས་དཀར་མཛེས་རྫོང་དུ་ལས་ཀའི་རྟོག་ཞིབ་བྱེད་སྐབས།  དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་ཏུ་ཐང་བོད་སྐབས་ཀྱི་རྡོའི་ཐོག་བརྐོས་པའི་བོད་ལུགས་མིག་མངས་ཤིག་གསར་རྙེད་བྱུང་།

        ཐེངས་འདིར་གསར་རྙེད་བྱུང་བའི་ཐང་བོད་སྐབས་ཀྱི་བོད་ལུགས་མིག་མངས་དེ་དཀར་མཛེས་རྫོང་མཁར་ནས་ཕལ་ཆེར་སྤྱི་ལེ་30ཡི་མཚམས་སུ་ཡོད་པ་དང་།  རྒྱལ་ལམ་317གྱི་དཀར་མཛེས་རྫོང་ནས་སྡེ་དགེ་རྫོང་དུ་འགྲོ་སའི་མཁར་སྒང་ཡུལ་ཤོག་ཏུ་གནས་ཡོད།  རྡོ་བརྐོས་ཡོད་ས་དང་གཞུང་ལམ་བར་ཧ་ལམ་སྨི་500ཡི་ལམ་ཐག་ཡོད་ཅིང་།  དེའི་འགྲམ་དུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་300ལྷག་དང་།  གཏིང་ཚད་ལ་སྨི་1.6ཡས་མས་ཡོད་པའི་ཁང་ཕྱིའི་ཚ་ཆུ་ཞིག་ཀྱང་ཡོད།  རྡོ་བརྐོས་མིག་མངས་དེ་ལྗིད་ཚད་ལ་ཧ་ལམ་ཏུན་2ཙམ་ཡོད་པའི་རྡོ་ཕ་བོང་ཞིག་གི་ངོས་སུ་བརྐོས་ཤིང་།  རྡོའི་ངོས་སྨི་གྲུ་བཞི་1.5ལ་ཉེ་བའི་དཀྱིལ་དུ་ལི་སྨི་གྲུ་བཞི་མ་2.5ཡོད་པའི་གྲལ་འགྲིག་པའི་རེའུ་མིག་གིས་གྲུབ།  གཞུང་འཕྲེད་སོ་སོར་ཐིག་རིས་10དང་།  མིག་མངས་ཀྱི་གཡས་གཡོན་ཟུར་གཉིས་སུ་རྡེའུ་འཇོག་སའི་སྒོར་དབྱིབས་ཀྱི་རྡོ་ཁུང་བརྐོས་འདུག

        ཁུལ་རིག་གནས་དང་རིག་དངོས་སྡེ་ཁག་གིས་བོད་རིག་པ་དང་གནའ་རྫས་རྟོག་ཞིབ་ཀྱི་ཆེད་མཁས་མི་སྣ་ལ་ཐོག་མའི་བློ་འདྲི་བྱས་པ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ལ་ལྟ་ཀློག་བྱས་པ་བརྒྱུད།  མིག་མངས་དེ་བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཤོག་ཏུ་རྙེད་པའི་ཐང་བོད་སྐབས་ཀྱི་མིག་མངས་དང་ཤིན་ཏུ་མཚུངས་པར་མངོན།  

        དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་སྡེ་ཁག་གིས་ཐེངས་འདིར་དཀར་མཛེས་རྫོང་ཁོངས་སུ་ཐང་བོད་སྐབས་ཀྱི་བོད་ལུགས་རྡོ་བརྐོས་མིག་མངས་གསར་རྙེད་བྱུང་བ་འདི་བོད་རང་སྐྱོང་ལྗོངས་ཕུད་པའི་བོད་ཁུལ་གྱི་ས་གནས་གཞན་དུ་ཐེངས་དང་པོ་རྙེད་པའི་གནའ་བོའི་བོད་ཀྱི་མིག་མངས་ཀྱི་རི་མོ་རྡོ་ཐོག་བརྐོས་པའི་གནའ་ཤུལ་ཡིན་ལ།  དེ་ལ་གནའ་བོའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་རྟོག་ཞིབ་ཐད་ཞིབ་འཇུག་གི་རིན་ཐང་བླ་ན་མེད་པ་ལྡན་ནོ། །