འཛམ་གླིང་དཔེ་ཀློག་གི་ཉིན་མོར། དཔེ་ཀློག་གི་ལོས་རྒྱུས་ལ་ལྟོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


རིག་པ་ནང་པར་འཆི་ཡང་བསླབ།།

ཚེ་འདིར་མཁས་པར་མ་གྱུར་ཀྱང་།།

སྐྱེ་བ་ཕྱི་མར་བཅོལ་བ་ཡི།།

ནོར་ལ་རང་ཉིད་ལེན་པ་འདྲ།།

                   ས་པན་གྱིས།

      1.  ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དང་དེའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་ཟེར།1995ལོར་ལོ་རེའི་ཟླ་4ཚེས་23ཉིན་དཔེ་ཀློག་དང་པར་དབང་ཉིན་མོར་གཏན་འཁེལ་བྱས་པ་དང་དེའི་དམིགས་ཡུལ་ནི་སྐྱེ་བོ་དེ་བས་མང་བས་དཔེ་ཀློག་དང་རྩོམ་འབྲི་བྱ་རྒྱུར་སྐུལ་མ་གཏོང་བའི་ཆེད་དུ་རེད།འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱེ་བོ་ཀུན་གྱིས་ཁྱེད་ཉིད་རྒན་རྒོན་དང་གཞོན་ནུ།དབུལ་པོ་དང་ཕྱུག་པོ། ནད་པ་དང་ཐང་པོ་གང་ཞིག་ཡིན་རུང་། ཚང་མས་དཔེ་ཀློག་གི་སྤྲོ་སྣང་ཉམས་སུ་མྱོང་བ་དང་།མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་རྩོམ་རིག་མཁས་ཅན་དང་།རིག་གནས་མཁས་ཅན། ཚན་རིག་མཁས་ཅན། བསམ་བློ་མཁས་ཅན་བཅས་ལ་བརྩི་འཇོག་དང་ཐུགས་རྗེ་ཆེ་ཞུས་ཁར།ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལོ་ལྟར་ཉིན་མོ་དེར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་རྟེན་འབྲེལ་ཞུ་བ་སྦྲགས་དཔེ་ཀློག་དྲིལ་བསྒྲཌ་སོགས་ཀྱི་བྱེད་སྒོ་སྣ་ཚོཌ་སྤེལ་གྱིན་ཡོད།


      2.  འཛམ་གླིང་དཔེ་ཀློག་ཉིན་མོ་འཛུགས་པའི་གྲོས་འགོ་ནི་སི་ཕེན་གྱིས་བཏོན་པ་དང་།གང་དེ་ནི་སི་ཕེན་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱིདཔའ་བརྟུལ་ཆའོ་ཀྲེའི་དུས་ཆེནལས་བྱུང་བ་ཞིག་རེད།གཞན་ཡང་། དཔེ་མཛོད་ཁང་གི་དུས་དེབ་ལ་གཞིགས་ན། འཛམ་གླིང་དཔེ་ཀློག་ཉིན་མོ་ནི་སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་གཏམ་རྒྱུད་ཅིག་ལས་བྱུང་བ་སྟེ།རི་ཁྲོད་དུ་ཡིད་འོང་སྲས་མོར་ཁྱུང་འབྲུག་གིས་གནོད་འཚེ་གཏོང་རྩིས་བྱེད་སྐབས། དཔའ་བརྟུལ་ཆའོ་ཀྲེས་ཚེ་སྲོག་ལ་མ་འཛེམས་པར་ཁྱུང་འབྲུག་དང་འཛིངས་ནས་སྲས་མོའི་ཚེ་སྲོག་བསྐྱབས།སྲས་མོ་སྲོག་ཉེན་ལས་ཐར་རྗེས། ཆའོ་ཀྲེ་ལ་དྲིན་ལན་འཇལ་བའི་ཚུལ་དུ་ལག་རྟགས་ལ་དཔེ་དེབ་ཞིག་སྤྲད་པ་རེད།དུས་དེ་ནས་བཟུང་དཔེ་དེབ་དེ་ཉིད་བློ་རྒྱ་དང་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་ལ། ཟླ་4ཚེས་23ཉིན་ཡངདཔའ་བརྟུལ་ཆའོ་ཀྲེའི་དུས་ཆེནདུ་གྱུར།དུས་ཆེན་རིང་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་གྲོང་མིས་དགའ་ཉེ་སྤུན་མཆེད་ལ་རྒྱ་སེ་མེ་ཏོག་དང་དཔེ་དེབ་སྤྲོད་པའི་གོམས་སྲོལ་ཡོད།

       3.   དཔྱད་གཞིའི་ཡིག་རིགས་ལས་མངོན་པར་གཞིགས་ན། འཛམ་གླིང་དཔེ་ཀློག་ཉིན་མོཁྱབ་བསྒྲགས་བྱས་ཚུན།རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་བྱེད་སྒོ་དེར་ཞུགས་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་ཉིན་དེའམ་ཡང་ན་སྔ་རྗེས་ཀྱི་གཟའ་འཁོར་གཅིག་དང་ཟླ་བ་གཅིག་ནང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་གྱི་ཡོད།དེའང་དཔེ་མཛོད་ཁང་དང་། སྨྱན་སྦྱོར། དཔེ་སྐྲུན་ཁང་། སློབ་གྲྭ་སོགས་སྒྲིག་གཞི་དང་ཚོགས་པས་དུས་ཚོད་དེའི་སྐབས་སུ་དཔེ་དེབ་ཞལ་འདེབས་འབུལ་བ་དང་མི་རྣམས་ཀྱིས་དཔེ་དེབ་ཀློག་རྒྱུར་ལྕག་སྐུལ་བྱེད་པའི་བྱེད་སྒོ་སྤེལ་གྱི་ཡོད།

       4.  དཔེ་ཀློག་གིས་མི་བུ་ཞིག་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་དཔེ་དེབ་ཡག་པོ་ཞིག་གིས་སྐྱེ་བོ་ཞིག་གི་མི་ཚེའི་ལམ་བུར་ཁ་ལོའང་སྒྱུར་ཐུབ་པས།མིའི་ཤེས་རྒྱ་ཆེ་རུ་འགྲོ་བར་དཔེ་ཀློག་ནི་མེད་དུ་མི་རུང་བ་ཞིག་རེད། མི་རིགས་ཤིག་གི་བསམ་བློའི་གནས་ཚད་མཐོ་མིན་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན།མི་རིགས་དེས་དཔེ་དེབ་ཀློག་མང་ཉུང་ལ་རག་ལུས་ཡོད། བརྩེ་ལྡན་གྱི་ཀློག་པ་པོ་ལགས། ང་ཚོ་མཉམ་དུ་ཤེས་བྱའི་རྒྱ་མཚོ་ལས་དགོས་འདོད་ཀུན་འབྱུང་འཚོལ་བར་འགྲོ།

 

      5.  འཇིག་རྟེན་འདིའི་སྟེང་གི་རླབས་ཆེ་བའི་སྐྱེས་བུ་དག་ནི་འདས་ཟིན་པའི་ངག་རྒྱུན་དུ་གྱུར་ཞིང་ཁོ་ཚོའི་འོད་དུ་འཕྲོ་བའི་རྣམ་དཔྱོད་ནི་དཔེ་ཆའི་སྟེང་གི་ཡི་གེའི་གཟུགས་ཀྱིས་ང་ཚོའི་དཔེ་སྒྲོམ་གྱི་སྟེང་དུ་བརྩིགས་ཡོད་ནའང་།གླེགས་བམ་དེ་དག་གི་གླེགས་ཐིག་གྲོལ་ནས་ཤོག་ལྷེ་རེ་རེ་བཞིན་བཀླག་མ་སོང་བ་ནི་སྐྱེས་ཆེན་དག་གི་ཕངས་འགྱོད་ཡིན།

      a)  རྗེ་ཙོང་ཁ་པ་ནི་རླབས་ཆེ་བའི་མི་ཞིག་ཡིན། རྒྱུ་མཚན་ནི་ཁོང་གིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་དཔེ་ཀློག་གི་ཆེད་དུ་བསྟིམས་ཤིང་།ཞོགས་པ་རེ་རེར་སྔ་མོ་ནས་ཡར་བཞེངས་ཏེ། དཔེ་ཆ་མདའ་ཚད་མ་རེ་བློར་སྐྱོར་བའི་གོམས་སྲོལ་དེ་མི་ཚེའི་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས།ཁོང་གི་ཁ་ཆེམས་སུ་ཡང་། ངས་བྲིས་པའི་ལམ་རིམ་དང་སྔགས་རིམ་གཉིས་ཀ་བཀླག་ཚེ་ང་དང་དངོས་སུ་ཕྲད་པ་དང་ཁྱད་མེད་ཅེས་གསུངས་མྱོང་།

      b)  རིག་པ་སྨྲ་བ་དགེ་ཆོས་ཀྱིས་ཀྱང་། རོ་དང་མཚུངས་པའི་ལུས་པོ་འདི།།ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག། མཉམ་དུ་ཤི་ན་ཤིན་ཏུ་ཕངས།།ཞེས་གསུངས་པ་རེད། ཁོང་གིས་གསེར་དང་མཚུངས་པའི་རྣམ་དཔྱོད་དག་རོ་དང་མཚུངས་པའི་ལུས་པོ་དང་མཉམ་དུ་འཆི་རུ་མི་འཇུག་པའི་ཕྱིར།གཏམ་རྒྱུད་གསེར་ཐང་ནས་དེབ་ཐར་དཀར་པོ། ཀླུ་སྒྲུབ་དགོངས་རྒྱན་ནས་འདོད་པའི་བསྟན་བཅོས་སོགས་ང་ཚོར་འབོག་སྐལ་དུ་བཞག  ཡིན་ནའང་། རང་ཅག་གི་མི་རིགས་འདི་ཉིད་དཔེ་ཀློག་གི་སྲོལ་རྒྱུན་ཡོད་པའི་མི་རིགས་ཤིག་མ་རེད།ང་ཚོའི་དཔེ་ཆ་ཕལ་ཆེ་བ་ནི་ཆོས་ཀྱི་དོན་སྟོན་པའི་དཔེ་ཆ་འབའ་ཞིག་ཡིན་ལ། དེ་དག་ཀྱང་དགོན་པའི་ནང་བྲག་རི་ལྟར་བརྩིགས་ཡོད།མི་སེར་ལ་མཚོན་ན་དེ་ནི་ཕྱག་གི་ཡུལ་འབའ་ཞིག་སྟེ། ཁྱིམ་དུ་ཆོས་དཔེ་སྣ་རིང་མ་ཡོད་ནའང་།རིམ་གྲོ་སྒྲུབ་པའི་སྐབས་སུ་དགེ་འདུན་པ་གདན་དྲངས་ནས་ཡོན་ཕུལ་ཏེ་ ཀློག་པར་བྱེད་པ་ལས་རང་ཉིད་ཀྱི་བཀླག་པར་མི་བྱེད།

      6.   དཔེ་ཆ་ནི་རིན་གོང་དམའ་ཤོས་ཀྱི་རིན་པོ་ཆེ་རིན་ཐང་བྲལ་བ་དེ་ཡིན།དུ་བ་སྒམ་གཅིག་དང་ཝུ་ཆང་དམ་བུ་འགའི་རིན་དོད་ཀྱིས། སྐྱེས་བུ་ཆེན་པོ་ཞིག་གི་མི་ཚེ་ཧྲིལ་བོའི་བློ་གྲོས་ཀྱི་ཉིང་ཁུ་ཉོ་ཐུབ།གཅན་གཟན་གྱི་པགས་པ་དང་རྡོ་བ་སོགས་རིན་པོ་ཆེའི་རྒྱན་ཆ་རུ་ངོས་བཟུང་ནས་མི་ཚེའི་ཡོང་འབབ་མཐའ་དག་དེ་ལ་བསྟིམ་མཁན་ནི་རྣམ་དཔྱོད་ཅན་གྱི་སྐྱེས་ཆེན་ཚོའི་དོ་ཟླ་མིན།

      7.   དཔེ་ཆ་ཀློག་པ་ནི་སྟོབས་འབྱོར་ཞིག་མིན་ནའང་། དེ་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན།དཔེ་ཆ་ཀློག་པ་ནི་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ནའང་། དཔེ་ཀློག་པའི་ནང་སེམས་ནི་ངོ་མཚར་བའི་ཕུན་ཚོགས་ཀྱིས་རབ་ཏུ་ཕྱུག་ཡོད།དཔེ་ཆ་ཀློག་པ་ནི་ཚེ་སྲོག་གཞན་ཞིག་ལ་སེམས་དང་སེམས་ཀྱིས་བགྲོ་གླེང་བྱེད་པ་སྟེ། དཔེ་ཆའི་ཤོག་སྲུབས་རེ་རེ་ན་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འབྱེད་བྱེད་ཀྱི་ལྡེ་མིག་རུམ་ཡོད།


      8.      དཔེ་ཆ་ཀློག་པ་ནི་འགན་འཁྲི་ཞིག་མ་རེད། དེ་ནི་ཁེ་དབང་ཞིག་རེད།བདེ་ཐང་མ་ཡིན་པའི་དུས་རབས་ཤིག་གི་ནང་དུ། དཔེ་ཆ་རེ་འགའ་ཞིག་ལ་ང་ཚོས་ལྐོག་ལྟ་ཙམ་ཡང་བྱེད་དཀའ་ཞིང་།དཔེ་ཆ་རེ་འགའ་ཞིག་ནི་མི་འདོད་བཙན་གྱིས་བློ་ལ་སྐྱོར་དགོས། ཡིན་ནའང་། ང་ཚོ་མི་རེ་རེར་དཔེ་ཆ་གང་ཞིག་ཀློག་པ་དང་གང་ཞིག་མི་བཀླག་པའི་ཁེ་དབང་མངའ་བས།དཔེ་ཆ་བཀླགས་པ་ནི་ང་ཚོས་རང་ཉིད་ཀྱི་ཁེ་དབང་ལོངས་སུ་སྤྱད་པ་ཡིན།