ཤམ་བྷ་ལའི་མཇལ་འཛོམས་ཞེས་པའི་བརྙན་ཐུང་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།   ཧྲི་ཞའོ་ལིང་།   ཡིག་བསྒྱུར།       དུས་ཚོད།   2019-04-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཟླ་4པའི་ཚེས3ཉིན།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་འགྲེམས་སྤེལ་དང་།    སེམས་ཀྱི་ཉི་ཟླ་འཕགས་པ་ལྷ་རིག་གནས་སྨྱན་སྦྱོར་གྱིས་པར་ལེན་སྒྲིག་བཟོ་བྱས་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གློག་བརྙན་ཐུང་གྲས་ཤམ་བྷ་ལའི་མཇལ་འཛོམས་ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་དེ་ལི་ཅང་གནའ་གྲོང་ནང་གི་འཛམ་གླིང་སེམས་ཀྱི་ཉི་ཟླའི་རིག་གནས་འགྲེམས་སྟོན་ཁང་ནས་བསྡུས་པ་རེད།    

གློག་བརྙན་དེའི་ནང་དགའ་ལྡན་སུམ་རྩེན་གླིང་གི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་དང་ལྷ་མོ་གཡང་མཚོ་སོགས་རྒྱབ་ལྗོངས་སུ་བྱས་ནས་ཕབ་བསྐྲུན་བྱས་ཡོད་ཅིང་།   བརྙན་ཐུང་དེའི་རིང་ཚད་ལ་སྐར་མ་14ཡོད།  གཙོ་བོ་ས་ཆ་གཞན་ནས་སེམས་ཀྱི་ཉི་ཟླའི་ཡུལ་དུ་དངོས་སྦྱོང་སྣེ་ཤན་པ་བྱེད་མཁན་གྱི་ཕོ་གཞོན་ཞིག་ས་གནས་དེ་གའི་བུ་མོ་སྒྲོལ་མ་དང་ཐུག་འཕྲད་བྱུང་ནས་ངོ་ཤེས་པ་དང་།    ངོ་མཚར་ཆེ་བའི་གནས་མཆོག་འདི་ནས་མཉམ་དུ་བོད་ཀྱི་རིག་གནས་ལ་ཤེས་རྟོགས་བྱས་ཏེ་མི་ཚེའི་གཏམ་རྒྱུད་གླེང་བའི་ནང་དོན་མངོན་ཡོད།      གློག་བརྙན་གྱི་རྒྱུ་ཆ་གསར་པ་གདམས་གསེས་བྱས་པ་ལེགས་ཤིང་།   བརྩེ་སེམས་བརྗོད་པའི་ཐབས་ལམ་བརྒྱུད་ནསམི་སེམས་འགུལ་བའི་གཏམ་རྒྱུད་ཅིག་འཁྲབ་སྟོན་བྱས་ཡོད་ལ།    དགའ་ལྡན་སུམ་རྩེན་གླིང་གི་སྣོད་བཅུད་ཀྱི་མཛེས་པ་དང་། རིག་གནས་ཀྱི་མཛེས་པ། དམངས་སྲོལ་གྱི་མཛེས་པ། ཆོས་ལུགས་ཀྱི་མཛེས་པ། འཆམ་མཐུན་གྱི་མཛེས་སྡུག་བཅས་ལྟད་མོ་བར་མངོན་ཡོད།   

ཐོག་མའི་གཟིགས་འབུལ་མཛད་སྒོའི་ཐོག    འབྲེལ་ཡོད་འགན་འཁུར་བས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་དགའ་ལྡན་སུམ་རྩེན་གླིང་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ་དང་།    ཚོགས་ཞུགས་མི་སྣར་བཀྲ་ཤིས་པའི་ཁ་བཏགས་དང་ལྗོངས་ཁུལ་དྲིལ་བསྒྲགས་ཡིག་ཆ་སོགས་ཕུལ་ནས་མཉམ་དུ་ཤམ་བྷ་ལའི་མཇལ་འཛོམས་ཞེས་པའི་བརྙན་ཐུང་ལ་བལྟས་ཡོད།