རོང་པའི་བྱམས་གླུ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

      

     རོང་པའི་བྱམས་གླུ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གི་དམངས་ཁྲོད་དུ་དར་བའི་གླུ་གར་སྒྱུ་རྩལ་གྱི་རིགས་ཤིག་ཡིན་ལ། བདེ་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཆ་ཤས་གཙོ་བོ་ཞིག་ཀྱང་ཡིན་པ་རེད།

     རོང་པའི་བྱམས་གླུ་ཞེས་པ་འདི་ཡང་དེང་སྐབས་བོད་ཡིག་གི་ཡིག་ཆ་མང་བོའི་ནང་དུ་ཉི་ཤར་བྱམས་གླུའམ་ཉི་ཤར་བྱམས་བྲོ་ཞེས་བྲིས་ཡོད་ཅིང་། མིང་འདི་ཡང་ཁུངས་མེད་པར་བྲིས་པ་ཞིག་མ་ཡིན་པར་རྒྱ་ཡིག་གི་尼西情舞ཞེས་པའི་མིང་བརྡ་འདི་ཐད་བསྒྱུར་བྱས་ནས་བཏགས་པ་ཞིག་ཡིན་པ་ལས་ས་གནས་དེར་གནའ་ནས་བཟུང་ཡོད་པའི་མིང་བརྡ་ཞིག་མིན་པར་འདོད། དོན་ངོ་མ་གནས་དེའི་མང་ཚོགས་ཀྱི་ཁ་སྐད་དུ་རོང་པའི་བྱམས་གླུ་ཞེས་འབོད་བཞིན་ཡོད་དེ། རང་ཉིད་ཀྱིས་ཀྱང་ཐ་སྙད་འདི་ཅུང་ཡང་དག་ཡིན་པར་འདོད། (འདིར་རང་ཉིད་ཀྱིས་རོང་པའི་བྱམས་གླུ་ཞེས་དམིགས་སུ་འབྲི་དོན་ཡང་གནས་དེའི་སྲོལ་རྒྱུན་རིག་གནས་ལ་བརྩི་བཀུར་དང་རྒྱུད་འཛིན་བྱེད་སྟངས་ཤིག་ཡིན་པ་ལས་མི་ཤེས་ཤེས་མདོག་གི་བློ་ནི་མེད་དོ།) 

     རོང་པའི་བྱམས་གླུའི་ནང་དོན་དེ་ཆེ་ཕྱོགས་ནས་བགར་ན་ཁག་གསུམ་ཡོད་དེ།ལྷན་འཛོམས་ཀྱི་སྐབས་སུ་ལེན་པའི་གླུ་དང་བསྟོད་པའི་མཆོད་པ་འབུལ་བའི་སྐབས་སུ་ལེན་པའི་གླུ། བརྩེ་དུང་མཚོན་པའི་སྐབས་སུ་ལེན་པའི་གླུ་བཅས་ཡིན་པ་རེད།  ལྷན་འཛོམས་ཀྱི་སྐབས་སུ་ལེན་པའི་གླུ་དང་བསྟོད་པའི་མཆོད་པ་འབུལ་བའི་སྐབས་སུ་ལེན་པའི་གླུ་གཉིས་ལ་གླུ་ཚིག་རིང་བོ་མེད་དེ།ཐོག་མར་ཐུག་འཕྲད་གནང་བའི་སྐབས་སུ་གུས་ལུགས་ཀྱི་སྒོ་ནས་ཕན་ཚུན་གྱི་མི་གཤིས་དང་རིགས་རྒྱུད།གྱོན་གོས་སོགས་ལ་བསྟོད་པའི་ངག་གི་མཆོད་པ་འབུལ་བའི་གླུ་བཅུ་ལྷག་ལས་མེད་པ་རེད། འོན་ཀྱང་བརྩེ་དུང་མཚོན་པའི་བྱམས་གླུ་དེ་གོང་དུ་བཤད་ཟིན་པའི་གླུ་ཁག་གཉིས་དང་ཅུང་མི་འདྲ་སྟེ།དེ་ནི་རྩོམ་ཡིག་ལྟ་བུ་ཡིན་ན་བརྫོད་བྱ་དངོས་ལ་ཞུགས་པ་ལྟ་བུ་ཡིན་ལ། གླུ་ཚིག་ངག་ལ་འགུག་ཞོར་དུ་རང་གི་དགའ་སྐྱོ་ཆགས་སྡང་གི་ཉམས་ཡོད་ཚད་བྲོའི་སྟངས་སྟབས་ཀྱི་སྒོ་ནས་མཚོན་པ་ཞིག་ཡིན་པས། བརྩེ་དུང་ཡོད་པའི་གཏམ་རྒྱུད་རིང་བོ་ཞིག་མཚོན་བཞིན་ཡོད་པ་རེད།