དྲི་མེད་སེམས་ཀྱི་བརྩེ་བ།

རྩོམ་པ་པོ།   པདྨ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2019-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

གོ་ལ་ཟླུམ་པོའི་ཁྱོན་འདིར་འཚོ་ཞིང་གནས་པའི་འཇིག་རྟེན་གྱི་སྐྱེ་འགྲོ་སུ་ཞིག་ཡིན་ན་ཡང་། དུས་ཚོད་ཀྱི་འཁོར་འགྲོས་དང་བསྟུན་ནས་རང་རང་སོ་སོའི་ལས་ལ་འབད་བཞིན་ད་ལྟའི་འཚོ་བར་བཀྲགས་མདངས་རྒྱས་ཤིང་མ་འོངས་པའི་འཚོ་བར་འོད་སྟོང་ལྡན་པ་ཞིག་བྱེད་རྒྱུ་ནི་ཀུན་གྱིས་སྙིང་ཁོང་ན་འཚེར་བའི་ཕུགས་འདུན་ཉག་གཅིག་པུ་དེ་ཡིན།

བཀའ་དྲིན་གཞལ་མཐའ་བྲལ་བའི་དྲིན་ཆེན་གྱི་ཕ་ལོ་ལགས། ཁྱེད་ཉིད་བཟོད་གླགས་མེད་པའི་དགུན་གསུམ་གྱི་གྲང་ངར་དང་ཁ་བ་བུ་ཡུག  དབྱར་གསུམ་གྱི་ཆར་ཆུ་དང་ཚ་གདུག་གི་ཁྲོད་ནས་ལུས་སྟོབས་ཟད་དེ།  ལོ་ངོ་དུ་མར་གནག་ཕྱུགས་ཀྱི་རྨིག་རྗེས་བསྙེགས་བཞིན་མེ་ཏོག་ལྟ་བུའི་མཛེས་སྡུག་གི་ལང་ཚོ་རིམ་གྱིས་ཡལ་ནས་ཆུ་རིས་ལྟ་བུའི་རྒས་གཉེར་གྱི་རི་མོ་མང་པོ་ཐོད་ལ་བབས་པ་ང་ཚོའི་དོན་དུ་མ་ཡིན་ནམ།  ན་ནིང་གི་དགུན་གཞུང་ཞིག་ལ་ཨ་ཕའི་གསེར་ལས་ལྷག་པའི་སྐུ་ལུས་ལ་མི་འདོད་ནད་ཀྱི་དྲི་མས་ཐེངས་ཤིག་གོས་ནས། ལུས་པོས་མི་ལྕོགས་ནའང་ན་ཟུག་གི་རྨ་ཁ་ལག་པས་སྐྱོར་བཞིན་མུ་མཐུད་དུ་གནག་ཕྱུགས་ཀྱི་རྨིག་རྗེས་བསྙེགས་ནས་འུ་ཚང་གི་འཚོ་བའི་ཆེད་དུ་འབད་འབུངས་བྱེད་བཞིན་པ་དེ་བུ་མོ་ངའི་སེམས་ནས་རྡོ་བརྐོས་རི་མོ་ཇི་བཞིན་ནམ་ཡང་ཡལ་མི་སྲིད།

ཉིན་འགའི་ཡར་སྔོན་གྱི་རེས་གཟའ་པ་སངས་ཉིད་གྱི་ཕྲི་དྲོར།   ཆར་བ་ཆེན་པོ་ཤག་ཤག་ཏུ་འབབ་བཞིན་ཡོད་པས་ང་རང་ཁྱིམ་ལ་ལོག་པར་བར་ཆད་བཟོས་བྱུང་། བསམ་མེད་དང་ནུས་མེད་ཀྱི་དབང་དུ་གྱུར་བའི་བུ་མོ་ངས་འདོད་མོས་ད་དུང་ཕ་ཡུལ་ལ་ཕྱོགས་ཏེ་ཨ་ཕར་ཁ་པར་བཏང་ནས་ང་ལེན་དུ་ཤོག་ཅེས་རྒྱལ་བོས་གཡོག་པོ་ལ་བཀའ་ཕབ་པ་ལྟར་བཤད་པས། ཁོང་གིས་རང་གི་ནད་སྙིང་ལ་མ་འཛེམ་པར་ཆར་ཆེན་ཁྲོད་དུ་ཀྱག་ཀྱོག་གི་ལམ་ཐག་རིང་བོ་བརྒྱུད་ནས་ང་ལ་ཆར་ལྭ་ཞིག་ཁྱེར་ནས་སློབ་གྲྭའི་སྒོ་ཁར་ཐོན་བྱུང་། 

ཁོའི་ལུས་ཧྲིལ་བོ་ཆར་བས་བརླན་ནས་འདར་སིག་སིག་བྱེད་བཞིན་ཕོ་བའི་རྨ་ཁའི་མཚམས་སུ་ལག་པས་ཕུར་ཕུར་ཞིག་བྱེད་ཞོར་གཅེས་ཕྲུག་མས་ཡུན་རིང་སྒུག་སོང་། མྱུར་དུ་ཆར་ལྭ་དང་ལྭ་བ་མཐུག་པོ་འདི་གྱོན་དང་འུ་གཉིས་ཡུལ་ལ་འགྲོ་ཞེས་བརྩེ་བའི་ཉམས་དང་ལྡན་པའི་སྒོ་ནས་བཤད་སོང་། 

ངས་ཁོང་གི་ཉམས་སྡུག་པའི་ཚུགས་ཀ་དང་བུ་མོའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་རྣམ་པ་དེ་མཐོང་རྗེས་ཁྲ་ཆུང་གི་མིག་གཉིས་ལས་མིག་ཆུའི་ཐིགས་པ་འགའ་རང་དབང་མེད་པར་ཆར་བའི་རྒྱུན་དང་བསྲེས་ཏེ་མཁུར་ཚོས་ནས་ཤམ་ཤམ་དུ་བཞུར་སོང་། དེ་དུས་ངའི་སེམས་སུ་རང་ཉིད་འདི་ལྟར་དབྱར་ཆར་བའི་གྲང་བ་ཙམ་ལའང་འཇིག་པའི་ཉམས་ཆུང་ནུས་མེད་དང་ཤེས་མེད་ཚོར་མེད་ཀྱིས་གསོན་མི་རུང་བའི་ཚོར་བ་ཞིག་ངང་གིས་སྐྱེས་སུ་བཅུག་ལ། ཨ་ཕས་ང་ཚོའི་འཚོ་བའི་བདེ་སྐྱིད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པས། རང་ཉིད་ཀྱིས་ཀྱང་ལྕགས་སྨྱུག་གི་མཚོན་ཆ་ནམ་ཡང་ལག་ནས་མི་འདོར་བར་ཤོག་དཀར་གྱི་ཐང་ཆེན་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་སྐུལ་ཏེ་མ་འོངས་པར་དྲིན་ཆེན་གྱི་ཕ་མ་གཉིས་ལ་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ཏུ་འཇུག་རྒྱུའི་ཡིད་རྟོན་ཕེར་བའི་དམ་བཅའ་ཞིག་སེམས་གཏིང་ནས་བཞག་པ་ཡིན༎

འདི་ནི་དྲིན་ཆེན་ཕ་ལོ་ཞིག་གིས་རང་གི་བུ་མོ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དེ་ཡིན་ལ།  ང་རང་ནར་སོན་པའི་ལོ་ཟླའི་ཁྲོད་ཐོག་མར་ཕ་མའི་བཀའ་དྲིན་ཚོར་བའི་སེམས་འགྱུ་ཐོག་མ་དེའང་ཡིན་སྲིད་དོ།།