ཁམས་བདེ་ཆེན་གྱི་དཔྱིད་ཀྱི་དཔལ་དཔོན་མཐོང་བ་ཀུན་སྨོན།

རྩོམ་པ་པོ།   ཚེ་དོན།   ཡིག་བསྒྱུར།       དུས་ཚོད།   2019-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉི་ཤར་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་ཆགས་ཡོད་ཅིང་།   ལོ་རྒྱུས་ཀྱི་རྒྱུན་རིང་བ་མ་ཟད།  ས་ཁོངས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན།    ཉི་ཤར་རྫ་ནག་དང་ཉི་ཤར་བྱ་ཤ་སོགས་ནི་ཉེ་འཁོར་ས་གནས་ཀུན་ན་མིང་གྲགས་ཆེ།   མཁའ་དབུགས་དྲོ་ཞིང་འཇམ་པས་སྐྱེ་དངོས་ལོ་ཏོག་དང་ཤིང་འབྲས་ལ་སོགས་པ་ཐོན་ས་གཙོ་བོ་ཞིག་ཡིན།   

ཉེ་ཆར་གངས་དཀར་རི་བོའི་མུ་ཁྱུད་དང་སྔོ་ལྗང་ནགས་ཚལ་གྱིས་ཡོངས་སུ་བསྐོར་བའི་དྭངས་གཙང་གི་ཡུལ་གྲུ་འདི་རུ་ཁམ་སྡོང་གི་མེ་ཏོག་ཡོངས་སུ་བཞད་པས།  ཕྱོགས་བཞིའི་སྐྱེ་འགྲོ་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་པ་དང་།    བལྟ་བའི་ཚེ་ན་འདི་ནི་མི་ཡུལ་གྱི་དག་ཞིང་ལོས་ཡིན་སྙམ་པའི་བསམ་འདུན་ཅིག་དབང་མེད་དུ་སྐྱེས་ཡོང་།    ཁམ་སྡོང་ཕྲ་མོའི་བསིལ་གྲིབ་འོག་ན་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་གིས་རྣམ་ཤེས་སྒྲིམ་ནས་དཔེ་ཀློག་གི་དབྱངས་རྟ་ངག་ལ་གྱེར་བ་དང་། ལམ་འགྲམ་ན་ལྷུང་ལྷུང་བཞུར་བའི་ཆུ་ཕྲན་དྭངས་མོས་སྙན་པའི་གླུ་དབྱངས་བར་མེད་དུ་སྒྲོག་པ་སོགས་ཀྱིས་ཡིད་དུ་འོང་བའི་གྲོང་ཚོ་འདི་ལ་མཛེས་སྡུག་ལྷག་མ་ཞིག་ཀྱང་བསྣན་འདུག    ལག་ལ་ཕྲེང་བ་བཟུང་ཞིང་ལུས་པོ་ཅུང་ཙམ་སྒུར་སྒུག་བྱས་པའི་ཨ་མ་རྒན་མོ་ཞིག་གིས་ང་ལ་ལྷད་མེད་ཀྱི་འཛུམ་མདངས་བསྟན་ནས་ཕེབས་བསུའི་འཚམས་འདྲི་གནང་བ་དང་།    ངས་ཀྱང་གུས་གུས་ཞུམ་ཞུམ་དང་ངག་འཇམ་པོས་ཁོ་མོ་ལ་འཚམས་འདྲི་ཞུས་པ་ཡིན། ཉིན་ཕྱེད་ཀའི་རིང་གི་ལྟད་མོ་བརྒྱུད་ནས་ས་ཡི་དགེ་བཅུ་ཚང་ཞིང་བཀོད་པ་ཚར་དུ་དངར་བའི་ཡུལ་ལུང་འདི་དང་འདི་རུ་འཚོ་སྡོད་བྱེད་པའི་མི་རྣམས་ལ་རང་དབང་མེད་པར་ཡིད་སྨོན་ཐེངས་ཤིག་སྐྱེས་བྱུང་།