སྐུ་འབུམ་བྱམས་པ་གླིང་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།   དུས་ཚོད།   2019-03-26   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

སྐུ་འབུམ་བྱམས་པ་གླིང་།

        སྐུ་འབུམ་བྱམས་པ་གླིང་ཞེས་སྙན་པའི་གྲགས་པ་ས་སྟེང་ཡོངས་སུ་ཁྱབ་པའི་ཆོས་སྡེ་ཆེན་པོ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་དྲུག་གི་སར་ཡོད་པའི་རུ་གསར་ཞེས་པའི་ཡུལ་དུ་ཆགས་ཡོད་ཅིང་།  དེ་ནི་བོད་རབ་བྱུང་དགུ་པའི་ལྕགས་སྤྲེལ་སྤྱི་ལོ1560ལོར་སྒོམ་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་བཞེངས་བ་ཡིན།

        དེ་ཡང་སྐུ་འབུམ་ཞེས་པའི་མཚན་ཐོགས་ཚུལ་ཐད།  གནས་མཆོག་འདིར་རྗེ་ཙོང་ཁ་བ་ཆེན་པོ་སྐུ་འཁྲུངས་བའི་ཚེ་ལྟེ་ཁྲག་ས་ལ་འཕོས་པ་ལས་ལྗོན་བཟང་ཙན་དན་དཀར་པོའི་སྡོང་བོ་ཞིག་འཁྲུངས་པ་དེར་ལོ་མ་འབུམ་གཅིག་སྐྱེས་ཤིང་།  ལོ་མ་རེའི་སྟེང་ལ་རྒྱལ་བ་སེང་གེ་ང་རོའི་སྣང་བརྙན་རང་བྱོན་དུ་འཁྲུངས་པས་ན་སྐུ་འབུམ་ཞེས་བཏགས་པར་གྲགས།   རྗེ་ཙོང་ཁ་བ་ཆེན་པོ་མདོ་སྨད་ནས་ཡུལ་དབུས་ལྷ་སར་སློབ་གཉེར་གནང་བར་ཕེབས་ནས་ལོ་ཧ་ཅང་མང་པོ་སོང་རུང་འཁོར་ཞག་གནང་བར་མ་ཕེབས་པས་ལོ་ན་བགྲེས་པའི་ཡུམ་ཆེན་གྱིས་བུ་ཆུང་དྲན་དྲག་སྟེ་ས་རྟ་སྤྱི་ལོ1378ལོར་འཕྲིན་ཡིག་ཅིག་བསྐུར།   ཡིག་ཤུབས་ནང་ལ་འཕྲིན་ཡིག་དང་ལྷན་དུ་མ་ཡུམ་གྱི་དབུ་སྐྲ་དཀར་པོ་ཞིག་ཀྱང་བཞག་ཡོད།  རྗེ་ཙོང་ཁ་བ་ནི་སྐྱེད་མ་ཧ་ཅང་དྲན་ཡང་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཡོང་བའི་ཆེད་དུ་ཕ་ཡུལ་དུ་ཕྱིར་མ་ཕེབས་པར།    མ་ཡུམ་ཁྱེད་ཀྱིས་ང་རང་དྲན་ན་ང་རང་སྐྱེ་སར་མཆོད་རྟེན་ཞིག་བཞེངས་ཏེ་ནང་དུ་ཙན་དན་སྡོང་བོ་སྙིང་བོར་བྱེད་པ་དང་།  རྒྱལ་བ་སེང་གེ་ང་རོའི་སྐུ་འདྲ་འབུམ་གཅིག་བཞེངས་ན་ང་དང་འཕྲད་པ་དང་ཁྱད་པར་མེད་ཅེས་པའི་འཕྲིན་ལམ་བྲིས་ནས་རང་གི་སྐུ་བརྙན་དང་རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་བཅས་བསྐུར། 

སྐུ་འབུམ་མཆོད་རྟེན་བརྒྱད།

        དེ་ནས་ས་ལུག་སྤྱི་ལོ1379ལོར་ཡུམ་གྱིས་གཙོ་འགན་བཞེས་ཤིང་།  དད་ལྡན་གྱི་སྐྱེ་བོ་གཞན་རྣམས་ཀྱིས་ཀྱང་གྲོགས་བྱས་པ་ལ་བརྟེན་ནས་རྗེ་ཉིད་ཀྱིས་གསུང་བཀོད་ལྟར་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་པར་ལ་བཏབ་ནས་ནང་རྟེན་དང་།  ཙན་དན་གྱི་སྡོང་བོ་ཉིད་ལ་གོས་ཆེན་གྱི་ན་བཟས་དཀྲིས་ཤིང་སྙིང་བོའི་སྲོག་ཤིང་གི་ཚུལ་དུ་བཞག་ནས་མཐའ་སྐོར་དུ་རྡོ་རྩིག་གི་ར་བ་བརྟན་པོར་བརྩིགས་ཏེ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་པར་མཛད་ལ་དེའི་སྟེང་དུ་ལྷ་ཁང་གྱོ་ཐོག་ཅན་གསར་སྐྲུན་བྱས་ཏེ་རབ་གནས་སོགས་རྒྱས་པར་མཛད་དོ།།   དེའི་རྗེས་སུ་རྗེ་བླ་མས་ཆོས་འཁོར་རྒྱ་ཆེན་བསྐོར་བའི་སྙན་པ་ཐོས་འཕྲལ་རྣམ་རྒྱལ་མཆོད་རྟེན་དུ་བསྒྱུར།  ཞི་བར་གཞོལ་ཚེ་མྱང་འདས་མཆོད་རྟེན་དུ་བསྒྱུར།   སྐུའི་སྐྱེ་བ་འབྱོན་པ་ན་ལྷ་བབས་མཆོད་རྟེན་དུ་བསྒྱུར་བ་བཅས་བྱུང་ངོ་།།

        དེ་ནས་རབ་བྱུང་དགུ་བའི་ལྕགས་སྤྲེལ་སྤྱི་ལོ1560ལོར་བཀའ་གདམས་འདུལ་འཛིན་ཆེན་པོ་སྒོམ་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་གནས་འདིར་དགེ་འདུན་བདུན་ཕྲག་ཙམ་ཡོད་པའི་དགོན་སྡེ་ཆུང་ངུ་ཞིག་བཏབ།   དེའི་རྗེས་རབ་བྱུང་བཅུ་བའི་མེ་གླང་སྤྱི་ལོ1577ལོར་གནས་འདིར་གཙུག་ལག་ཁང་བཞེངས་ཏེ་རབ་གནས་མཛད་ཅིང་དེ་ནས་བཟུང་དགོན་འདིའི་མཚན་ལ་བྱམས་པ་གླིང་ཞེས་བཏགས་པར་གྲགས།

        དེ་ནས་རབ་བྱུང་བཅུ་བའི་ཆུ་བྱི་སྤྱི་ལོ1612ལོའི་ཧོར་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གཅིག་ཉིན་གདན་རབས་ཁྲི་ཆེན་དང་པོ་རྩ་བའི་བླ་མ་འོད་ཟེར་རྒྱ་མཚོ།   གདན་སའི་མཁན་རིན་པོ་ཆེའི་གསེར་ཁྲི་ཆེན་མོའི་སྟེང་དུ་ཐོག་མར་བཞུགས་ནས་དཔལ་ལྡན་བཤད་སྒྲུབ་གླིང་ཞེས་པའི་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས།  དེ་ནས་བཟུང་ཆོས་སྡེ་དེའི་རྒྱལ་བ་ལུང་རྟོགས་ཀྱི་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་འཆད་ཉན་རྣམ་དག་གིས་སྒྲེང་བར་མཛད་པའི་དབུ་ཚུགས་སོ།།

         དགོན་པ་དེར་མཚན་ཉིད་གྲྭ་ཚང་དང་།  རྒྱུད་པ་གྲྭ་ཚང་།  སྨན་པ་གྲྭ་ཚང་།  དུས་འཁོར་གྲྭ་ཚང་བཅས་གྲྭ་ཚང་ཆེ་ཁག་བཞི་ཡོད་པ་དང་།  ཚོགས་ཆེན་འདུ་ཁང་རིམ་བཞིན་རྒྱ་སྐྱེད་དེ་ཀ་བ་བརྒྱ་དང་ང་བཞིའི་ཁྱོན་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་།   ཐམས་ཅད་མཁྱེན་པའི་ལྷ་ཁང་།  ཟི་ན་མགོན་ཁང་།  གཙང་ཁང་ཆེན་མོ།  ཞབས་བརྟན་ལྷ་ཁང་།  བླ་བྲང་རྩེ་སོགས་ཡོད།  སྒྲུབ་སྡེ་ཐོག་མར་ཆགས་པ་ནས་ད་ལྟའི་བར་གདན་རབས་ཁྲི་ཆེན་རིམ་བྱོན་དང་།  གྲྭ་ཚང་སོ་སོའི་ཁྲི་རབས་རིམ་བྱོན་པའི་སྐྱེས་མཆོག་དམ་པ་རྣམས་ཀྱིས་ཉམས་གསོ་དང་རྒྱ་བསྐྱེད་བཏང་བ་ལས་ད་ལྟའི་གཞི་ཁྱོན་འདི་ལྟ་བུ་ཆགས་པ་ཡིན།

         དགོན་འདིར་བཞུགས་སུ་གསོལ་བའི་རྟེན་གཙོ་གསེར་སྡོང་ཆེན་མོ་ཡིན་ཞིང་།  དེས་གཙོས་པའི་ལྷ་ཁང་ཁག་ཏུ་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་དུ་ཡོད་པས་དེ་རྣམས་ཇི་ལྟར་བཞུགས་ཚུལ་དང་།  དེ་རྣམས་གསར་དུ་བསྐྲུན་པའམ་སླར་གསོ་མཛད་ཚུལ།   གདན་རབས་ཁྲི་ཆེན་རིམ་བྱོན།  གྲྭ་ཚང་སོ་སོའི་ཁྲི་རབས་རིམ་བྱོན་པའི་སྐྱེས་མཆོག་རྣམས་ཀྱི་མཛད་འཕྲིན་སོགས་ཞིབ་ཅིང་ཕྲ་བའི་སྐོར་སྐུ་འབུམ་གདན་རབས་ཚངས་བའི་དབྱངས་སྙན་དང་།  དཀར་ཆག་ཀུན་གསལ་ལྟ་བའི་མེ་ལོང་གཉིས་སུ་གསལ་བས་འདིར་རྒྱས་སྤྲོས་ཀྱི་ངལ་བ་མི་བྱ་བར་དགོན་འདིའི་རྩ་བའི་ལོ་རྒྱུས་རགས་ཙམ་དེ་ཡིས་དད་ལྡན་མང་ཚོགས་ཀྱི་འདོད་པ་སྐོང་གང་ཐུབ་བྱས་པ་ལགས་སོ།།