གློག་བརྙན《ལག་དམར》ཟླ4ཚེས26ཉིན་རྒྱལ་ཡོངས་ནས་དངོས་སུ་གཟིགས་འབུལ་བྱ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-26   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        བརྙན་ཞེན་པ་མང་པོས་རེ་སྒུག་བཅངས་པའི་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ《ལག་དམར》ཞེས་པ་གཞུང་ཕྱོགས་ནས་གཟིགས་འབུལ་བྱ་བའི་དུས་ཚོད་གཏན་ཁེལ་བྱས་འདུག དེ་ནི་སྤྱི་ཟླ4བའི་ཚེས26ཉིན་ནས་བཟུང་རྒྱལ་ཡོངས་ནས་དངོས་སུ་གཟིགས་འབུལ་བྱ་རྒྱུ་རེད། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཁོང་གི་མུ་འབྲེལ་ཅན་གྱི་བོད་ཡུལ་བརྩམས་ཆོས་གསུམ་ཕབ་སྐྲུན་བྱས་རྗེས་ཀྱི་ཡང་བསྐྱར་མཆོང་རིམ་རང་བཞིན་ལྡན་པའི་བརྩམས་ཆོས་གསར་བ་ཞིག་ཡིན་འདུག་ལ། ཉེ་བའི་ཆར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ལས་ཀྱང་ཁས་ལེན་དང་གདེང་འཇོག་མི་དམན་པ་ཐོབ་པ་རེད།

        བརྩམས་ཆོས་འདི་ལ་ཐོག་མར་ཝེ་ནཱ་ཟི་གློག་བརྙན་དུས་སྟོན་གྱི་གནམ་སའི་འབྲེལ་མཚམས་ཞེས་པའི་སྡེ་ཚན་ལས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་ཅིང་།ཉིས་སྟོང་བཅོ་བརྒྱད་ལོར་འཛམ་གླིང་གི་གློག་བརྙན་དུས་སྟོན་གསུམ་གྱི་གཞུང་ཕྱོགས་བྱ་དགའ་ཐོབ་པའི་ཀྲུང་གོའི་གློག་བརྙན་གཅིག་པུའང་རེད།དེ་རྗེས་སུ་ཉི་ཧོང་གི་ཐཱོ་ཁྱོ་FILMeXདཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ་པར་མ་ཟད།ཧྥ་རན་སིའི་ཝེ་སོ་འར་ནས་བྱ་དགའི་རྣམ་གྲངས་ཆེན་མོ་གསུམ་ཐོབ། ད་དུང་གསེར་རྟ་རྟགས་མའི་བྱ་དགའི་རྣམ་གྲངས་ཆེན་མོ་གཉིས་ཀྱི་འོས་མིང་དུ་ཚུད་ཅིང་།ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོའི་ཁྲོད་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ། བརྙན་ལེན་པ་རྩེ་གྲ། རོལ་མོ་གསར་རྩོམ་རྩེ་གྲ་བཅས་བྱ་དགའི་རྣམ་གྲངས་བཞིའི་འོས་མིང་དུ་ཚུད་འདུག གློག་བརྙན་འདི་ཉིད་སྔ་རྟིང་དུ་རྒྱལ་སྤྱིའི་བརྙན་འགྲེམ་ཆེ་ཁག་ནས་གཟིགས་འབུལ་བྱས་པ་ལ།ལྟ་མཁན་དང་ཆེད་མཁས་པ་ཡོངས་ནས་ཕུལ་བྱུང་བརྩམས་ཆོས་དང་ཚད་མཐོ་བའི་བརྩམས་ཆོས་སོགས་ཀྱི་ངོས་ཐད་ནས་གདེང་འཇོག་ཚད་མེད་ཐོབ།

        གློག་བརྙན་འདི་ལ་ཕྱོགས་མང་པོ་ནས་དགའ་བསུ་ཐོབ་དོན་ནི། བརྩམས་ཆོས་རང་སྟེང་ལས་མངོན་པའི་ཚད་མཐོའི་སྒྱུ་རྩལ་གྱི་རིན་ཐང་དེར་རག་ལས་པ་ཞིག་རེད། ཕུལ་དུ་བྱུང་བའི་རྒྱབ་ཕྱོགས་ལས་བཟོ་བའི་རུ་དཔུང་དང་། ཚོར་བས་ཟིན་པའི་བཞི་བསྡུར་གསུམ་གྱི་བརྙན་ངོས། གཞན་མཚུངས་མ་ཡིན་པའི་བརྙན་རིས་ཀྱི་ཉམས་སྣང་། ཡིད་དབང་འཕྲོག་པའི་རོལ་མོའི་འགྱུར་ཁུགས། ཕུན་སུམ་ཚོགས་ལ་ཞིབ་ཚགས་དོད་པའི་གཏམ་རྒྱུད་ཀྱི་ནང་དོན་སོགས་ལ་ལྟ་མཁན་མང་པོས་བསྔགས་བརྗོད་ཚད་མེད་ཐོབ།

        གློག་བརྙན་འདིའི་འཁྲབ་གཞུང་ནི་ཕུལ་དུ་བྱུང་བའི་སྒྲུང་གཏམ་གཉིས་མཉམ་བསྲེས་བྱས་པ་ལས་གྲུབ་པ་ཡིན་ལ། གཏམ་རྒྱུད་ནི་གྲང་ལྷགས་རྒོད་པའི་བོད་ཡུལ་ནས་བྱུང་ཞིང་། ལག་དམར་དང་ཤ་འཁོན་རྩོད་པའི་ནང་དོན་ལ་འབྲེལ་ཡོད་ནའང་། ཟ་ཟུར་གང་རུང་ནས་བརྩེ་བའི་ཕྱུག་ཅིང་མི་སེམས་འཕྲོག་པའི་འཇིག་རྟེན་ལྟ་བ་ཞིག་མཚོན་པར་བྱས་ཡོད། འདི་འདྲའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཅིག་ཡིན་ཕྱིར། འཁྲབ་ཁྲིད་པ་གྲགས་ཅན་ཝིང་ཅ་བེས་ལྟ་སྐུལ་པའི་འོས་འགན་དང་དུ་བླངས་ཤིང་། རྒྱལ་ནང་དུ་མིང་དུ་གྲགས་པའི་སྒྲིག་སྦྱོར་བ་དང་སྒྲའི་མཛུབ་སྟོན་པ། སྡེབ་དབྱངས་གསར་རྩོམ་མཁན། འཇོན་ཐང་ཅན་གྱི་བརྙན་ལེན་པ་སོགས་མཉམ་རུབ་ཀྱིས་ཡིད་དབང་རབ་ཏུ་འཕྲོག་པའི་གློག་བརྙན་བརྩམས་ཆོས་གསར་བ་ཞིག་འདི་ལྟར་བརྙན་ཡོལ་གྱི་ངོས་སུ་བསྐྱལ་ཡོད།