རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་2019ལོའི་ཁྲི་བརྒྱའི་ནགས་ཚལ་ལས་གྲྭ་དེ་ཤང་དང་གྲོང་རྡལ་སོ་སོ་རུ་ཁྱོན་ཡོངས་ནས་སྤེལ་ཡོད། 2019 ལོའི་ལོ་འཁོར་གྱི་དམིགས་ཚད་བཏོན་པ་སྟེ། ཤང་དང་གྲོང་རྡལ་སོ་སོས་ནགས་བཟོ་སྔོ་འགྱུར་མུའུ1866དང་། སྡོང་ཕྲུག་རྐང་ཁྲི10འཛུགས་པ། གྲོང་ཁྱེར་ཡོངས་སུ་ཁྱོན་བསྡོམས་ནགས་བཟོ་སྔོ་འགྱུར་མུའུ་20526དང་། སྡོང་ཕྲུག་རྐང་ཁྲི110བཙུགས་ཏེ་ལྗང་བསྒྱུར་འཕེལ་རྒྱས་དང་། འཁོར་རྒྱུག་ཅན་གྱི་འཕེལ་རྒྱས། ཐཱན་ཉུང་བ་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་བར་ཤུགས་རྒྱག་རྒྱུ་ཡིན་ལ། སྐྱེ་ཁམས་མཛེས་ཤིང་ལེགས་པའི་སེམས་ཀྱི་ཉི་ཟླ་བསྐྲུན་ནས། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཆེས་མཛེས་པའི་བོད་ཁུལ་དུ་བསྐྲུན་པར་རོགས་ཤུགས་གནང་རྒྱུ་རེད།
དཔྱིད་ཟླ་གསུམ་པར་གང་སར་སྐྱེ་སྟོབས་ཀྱི་དཔལ་མངོན་འདུག ལྔ་ཤོག་ཤང་གི་ཆུ་འགྲམ་དང་གཞུང་ལམ་གྱི་ལམ་རྒྱུད་དུ་སྐྱེ་ཁམས་ནགས་སྲུང་བ་དང་། ལས་ཁུངས་ཀྱི་གྲོང་གསེབ་ན་ཡོད་པའི་ཏང་ཡོན། བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་མི། སྟོང་སྐུལ་ལས་དོན་ཚོ་ཆུང་བཅས་ཀྱི་མི་སྣ500ལྷག་གིས་ས་དོང་བརྐོ་བ་དང་། དོང་ནང་ལ་ཆུ་ལྡུག་པ་སོགས་ཀྱི་ལས་ཀར་བྲེལ་ནས། ཆུ་འགྲམ་དང་། ལ་རྒོད། ར་བ་སོགས་ཀྱི་གནས་སུ་ལྕང་སྡོང་དང་གསོམ་སྡོང12000ལྷག་བཙུགས་ཡོད།
དེ་དང་ཆབས་ཅིག ཅིན་ཅང་གྲོང་རྡལ་དུ་ཡང་སྡོང་ཕྲུག་རྐང་རེ་རེ་བཙུགས་ནས་དཔྱིད་ཀྱི་རང་མདངས་ཁྲོད་གསོན་ཤུགས་རྒྱས་ཡོད། ཟླ་གཅིག་གི་རིང་ལ། ཅིན་ཅང་གྲོང་རྡལ་གྱིས་ལས་བྱེད་པ་དང་མང་ཚོགས་སྟོང་གཅིག་རྩ་འཛུགས་བྱས་ནས། འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ཡོད་ལ། ལྗང་མདོག་གི་ཡུལ་ལྗོངས་བསྐྲུན་པ་ལ་ཐོག་མའི་རྣམ་པ་མངོན་ཡོད་པ་རེད།
གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་གཞུང་ལམ་གྱི་གཞོགས་གཉིས་སུ་ཤིང་འཛུགས་བྱེད་སྒོ་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཤར་བགྲོད་དང་། ཉེན་ཁ་མེད་པ། བག་ཕེབས་པ། མཛེས་སྡུག་ལྡན་པ། སྐྱེ་ཁམས་ཡིན་པའི་གཞུང་ལམ་ཤར་བགྲོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད། ད་དུང་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་བ་དང་། གཞོན་ནུ་ལོ་ཆུང་སློབ་མ། རྒྱ་ཆེའི་མང་ཚོགས་སོགས་སྐུལ་སློང་བྱས་ནས་ཤིང་འཛུགས་ནགས་བཟོའི་འོས་འགན་ཕྲག་ཏུ་བླངས་ཡོད།