འབའ་གྲུ་ལ་ཕྱུག་འགྱུར་གྱི་མེ་ཏོག་བཞད་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།དུས་ཚོད།   2019-03-24   རྩོམ་ཁུངས།   

    འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་འབའ་གྲུ་གྲོང་སྡེར་གྲྭ་བས་སྣེ་ཁྲིད་བྱས་ནས་འདེབས་འཛུགས་བྱེད་པའི་བཟའ་བྱའི་རྒྱ་སེའི་མེ་ཏོག་འདེབས་འཛུགས་རྟེན་གཞི་ཞིག་ཡོད།གསར་འགོད་པ་འབའ་གྲུ་གྲོང་སྡེར་སླེབས་དུས་མིག་མདུན་དུ་མེ་ལྟར་དམར་བའི་རྒྱ་སེའི་མེ་ཏོག་གིས་མཛེས་སྡུག་ལྡན་པའི་ཡུལ་ཚོ་འདི་དེ་བས་ལྟ་ན་སྡུག་པར་གྱུར་ཡོད་པ་མཐོང་།
    ང་ནི་གྲྭ་བ་ཞིག་ཡིན།ང་ལ་ཕ་ཡུལ་འཛུགས་སྐྲུན་བྱས་ནས་དེ་བས་ཕྱུག་པོར་འགྱུར་བ་དང་།བོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་ནུས་ཤུགས་འདོན་རྒྱུའི་བསམ་འདུན་ཡོད་ཅེས་དཀོན་མཆོག་ཚུལ་ཁྲིམས་ཀྱིས་འདི་འདྲ་བཤད་པ་རེད།
    ཁོང་གིས་བཤད་དོན།སྔོན་མར་འབའ་གྲུ་གྲོང་སྡེར་རྗེས་ལུས་ཐེབས་ཏེ།འགྲོ་ལམ་སྟབས་མི་བདེ་བ་དང་།འདེབས་ཞིང་ཉུང་བ།ལྡེབས་ཞིང་མང་བ།ཐོན་སྐྱེད་བྱ་ཐབས་རྗེས་སུ་ལུས་པ།འབྲུ་རིགས་ཀྱི་ཐོན་ཚད་ཉུང་བ་སོགས་རྐྱེན་གྱིས།འཚོ་བ་ལ་དཀའ་ངལ་ཆེན་པོ་བྱུང་ཡོད།ཉེ་བའི་ལོ་ཤས་རིང་ལ།རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་ལེགས་སུ་སོང་ཡོད་དེ།སྲིད་གཞུང་གིས་འགྲོ་ལམ་བཟོ་བ་དང་།དུད་ཚང་ཀུན་གྱིས་ཞིང་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཡོད་པ་རེད།
    རྟོག་ཞིབ་བྱས་པར་བརྒྱུད་ནས།དཀོན་མཆོག་ཚུལ་ཁྲིམས་ཀྱིས་འབའ་གྲུ་གྲོང་སྡེ་ལ་རྒྱ་སེའི་མེ་ཏོག་ཐོན་ལས་གོང་འཕེལ་གཏོང་ཆོག་པར་བསམ་ནས།ས་ཆ་གཞན་དག་ལས་བཟའ་བྱའི་རྒྱ་སེའི་མེ་ཏོག་གི་མྱུ་གུ་ཉོས་ཏེ་ཡུལ་མི་ལ་འགྲེམ་གཏོང་བྱས་པ་མ་ཟད།ད་དུང་ས་ཆ་གཞན་དག་ལས་འདེབས་འཛུགས་མཁས་པ་གདན་འདྲེན་ཞུས་ནས་འདེབས་འཛུགས་ལག་རྩལ་སློབ་ཁྲིད་བྱེད་པ་དང་།ཚུར་སྡུད་ལས་སྣོན་བྱེད་པ་བཅས་ཀྱི་འགན་ཁུར་བས།ཡུལ་མིའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བ་རེད།

    མིག་སྔར།འབའ་གྲུ་གྲོང་སྡེའི་དུད་ཚང་20ལྷག་གིས་བཟའ་བྱའི་རྒྱ་སེའི་མེ་ཏོག་མུའུ50ལྷག་འཛུགས་ཡོད་ལ་མུའུ་གཅིག་གི་ཡོང་འབབ་སྒོར4500ཙམ་ཟིན་ཐུབ་པ་རེད།
    དཀོན་མཆོག་ཚུལ་ཁྲིམས་ཀྱིས་ཡུལ་མི་ཡིས་འདེབས་འཛུགས་བྱེད་པའི་རྒྱ་སེའི་མེ་ཏོག་ཚུར་སྡུད་ནས་ཐོག་མའི་ལས་སྣོན་བྱས་པ་དང་།རླུང་མེད་ཐུམ་སྒྲིལ་བྱས་ཏེ་པེ་ཅིང་དང་ཧྲན་ཧའེ།ཁུན་མིང་སོགས་ཀྱི་བཟའ་ཆས་ཀུང་སི་ལ་སྐྱེལ་བ་རེད།དེ་ལས་གཞན།ཁོང་གིས་ལས་སྣོན་བཟོ་ཁང་ལེགས་སུ་གཏོང་བ་དང་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་ཇེ་ཆེར་སྐྱེད་ནས།མུའུ100ལྷག་ལ་ཟིན་རྒྱུའི་འབད་བརྩོན་བྱེད་དགོས་པའི་འཆར་གཞི་བཀོད་ཡོད།