བདེ་ཆེན་སྡེ་བཅུ་དུད་བཅུའི་དཔེ་འོས་མི་སྣ་སྤྲང་སློང་གི་གཏམ་རྒྱུད།

རྩོམ་པ་པོ།   ཚེ་རིང་སྒྲོལ་མས་བསྒྱུར།དུས་ཚོད།   2019-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

       ཙེ་མུ་ཞུང་གྲོང་སྡེ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གི་ལི་སུའུ་རིགས་ཀྱི་གྲོང་སྡེ་གཅིག་པུ་ཡིན་ལ།  ཡུན་རིང་གི་ཚུན་དུ་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་དང་འགྲིམ་འགྲུལ་སོགས་ཀྱི་ཤུགས་རྐྱེན་འོག་ས་གནས་དེ་ནི་རྗེས་སུ་ལུས་ཞིང་ཧ་ཅང་དབུལ་པོ་ཡིན།  ལོ་ན་60ལོན་པའི་སྤྲང་སློང་ཚང་ལ་མི་གསུམ་ཡོད་པ་དང་སྡེ་བའི་ཁྲོད་ཆེས་དབུལ་ཕོངས་ཀྱི་དུད་ཚང་ཞིག་ཡིན།  ལོ་འགའི་སྔོན་དུ།  ཁོང་དང་ཆུང་མ། བུ་གསུམ་གྱིས་ཞིང་འདེབས་ནས་འཚོ་བ་བསྐྱེལ་བཞིན་ཡོད་དེ་ལོ་རེར་མི་རེ་ལ་ཡོང་འབབ་སྒོར2000ལས་ཟིན་མེད།  ཁོང་ཚང་ལ་སྡོད་ཁང་རྙིང་པ་ཞིག་ལས་མེད་པ་དང་མི་ཕྱུགས་མཉམ་སྡོད་བྱས་པ་རེད།

       2015ལོར་དབུལ་སྒྲོལ་འགག་སྒྲོལ་བྱེད་འགོ་ཚུགས་པ་དང་། ལས་བྱེད་རུ་ཁག་གིས་སྤྲང་སློང་ཚང་ལ་གནད་སྨིན་དབུལ་སྐྱོར་དུད་ཚང་དུ་གཏན་འབེབས་བྱས།  དེ་ནས་བཟུང་ཁོང་གིས་ཆང་བཅད་པ་དང་། ཤང་ཏང་ཨུ་དང་སྲིད་གཞུང་། གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག  གྲོང་སྡེའི་ཨུ་གསུམ།  འབྲེལ་གཏུག་ལས་བྱེད་པ་བཅས་ཀྱི་རོགས་སྐྱོར་འོག  ཁོང་ཚང་གིས་ཁང་པ་གསར་པར་སྡོད་པ་དང་དམའ་སྲུང་དང་སྐྱེ་ཁམས་གསབ་དངུལ་སོགས་ཀྱི་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱས་ནས་དཔལ་འབྱོར་གནོན་ཤུགས་སེལ་བ་རེད།  དེ་ནས་ཁོང་གིས་ལྔ་ཤོག་ཤང་བོད་ཕག་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་གླ་བ་སོང་བ་དང་ཕག་གསོ་བའི་ལག་རྩལ་སྦྱངས་ཏེ་རང་འགུལ་གྱིས་ཕག་གསོ་རྒྱུ་ཟེར་བ་དང་མཉམ་ལས་ཁང་དེར་ཞུགས་པ།  སྤྲང་སློང་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་དབང་གིས་མཉམ་ལས་ཁང་གིས་སྒོར་མོ་ཁྲི་2འཇོག་ནས་ཁོང་ཚང་ལ་ཕག་ར་འཛུགས་པ་དང་རིན་མི་དགོས་པར་ཕག་ཕྲུག་འདོན་པ་རེད།

       ཐོག་མའི་དུས་སུ།  སྤྲང་སློང་ཚང་གིས་བོད་ཕག་5་གསོ་བ་དང་ལོ་དེར་ཡོང་འབབ་སྒོར་ཁྲི་1ལྷག་བྱུང་ཡོད།  2017ལོའི་ལོ་མཇུག་ཟིན་དུས་ཁོང་ཚང་ལ་ཡོང་འབབ་སྒོར་ཁྲི་3བརྒལ་བ་དང་གནད་སྨིན་དབུལ་སྐྱོར་དུད་ཚང་ནས་ཕྱིར་འཐེན་རྒྱུ་འདོན་པ།  2018ལོར།  སྤྲང་སློང་ཚང་གིས་བོད་ཕག་གསོ་བའི་གཞི་ཁྱོན་བསྐྱེད་པ་དང་།  དེ་ནས་བ་དང་ལུག་སོགས་གསོ་བའི་ཡོང་འབབ་བསྣན་ན་མི་རེར་ཡོང་འབབ་སྒོར་ཁྲི་2ལས་བརྒལ་བ་རེད།  མིག་སྔར།  སྤྲང་སློང་ཚང་ལ་བོད་ཕག་30ལྷག་དང་ཕག་མ་4ཡོད་པ་དང་།   མཉམ་ལས་ཁང་དུ་ཞུགས་རྗེས་ཆེས་དབུལ་ཕོངས་ཀྱི་དུད་ཚང་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པས་གཟེངས་བསྟོད་ཐོབ་པ་རེད།