རྒྱལ་ཁབ་རིམ་པའི་སྐོར་བྲོའི་རིག་གནས་རྒྱུད་འཛིན་པ་ཞུས་ཀུའེ་ལེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-11   རྩོམ་ཁུངས།   

        ཞུས་ཀུའེ་ལེན་ནི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་གྲོང་ཚོའི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་ལ། 2002ལོར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་དང་ཞིན་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་ཞིང་ཆེན་དམངས་ཁྲོད་བྲོ་གར་རིགས་ཀྱི་སྒྱུ་རྩལ་བའི་མིང་བསྩལ་ཞིང་། 2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་རྒྱུད་འཛིན་གྱི་རྣམ་གྲངས་ལས་༼ སྐོར་བྲོའི་ ༽ཚབ་བྱེད་རང་བཞིན་ཅན་གྱི་རྒྱུད་འཛིན་པའི་མིང་བསྩལ་བ་རེད།

        ཞུས་ཀུའེ་ལེན་ཆུང་དུས་ནས་སྲོལ་རྒྱུན་མི་རིགས་གླུ་གར་ལ་དགའ་མོས་ཆེན་པོ་ཡོད་ལ། ལྷག་པར་དུ་སྐོར་བྲོ་འཁྲབ་པར་དགའ་མོས་ཡོད་དེ། དུས་རྒྱུན་ཉེ་འཁོར་དུ་སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་རེ་ཡོད་དུས་ཁོ་མོ་ངེས་པར་དུ་ཐོན་ངེས་པ་རེད། ཁོ་མོ་ལོ་བཅུ་བདུན་བཅོ་བརྒྱད་ཡིན་པའི་སྐབས་སུ་ཁྱིམ་མཚེས་གཡས་གཡོན་དང་གྲོང་ཚོ་ཡར་མར་གཉེན་སྟོན་ལ་སོང་ནས་སྐོར་བྲོ་འཁྲབ་སྟོན་བྱས་ཡིན་ལ།  གྲོང་ཚོའི་ནང་ནས་སྐོར་བྲོ་རུ་ཁག་འཛུགས་ཆེད་ཁོ་མོ་རྒན་རབས་པ་རྣམས་ཀྱི་མདུན་དུ་སོང་ནས་འཁྲབ་སྟངས་མི་འདྲ་བའི་སྐོར་བྲོ་དང་ནང་དོན་མི་འདྲ་བའི་སྐོར་བྲོ་སློབ་སྦྱོང་བྱས་ཏེ། གདངས་དབྱངས་མི་འདྲ་བའི་སྐོར་བྲོས་རང་ཉིད་ཀྱི་སྐོར་བྲོའི་སྒྱུ་རྩལ་འཐུས་ཚང་དུ་བཏང་བ་རེད།འདི་ལྟར་ཉིན་ཐོག་ལ་ཉིན་དང་ཟླ་ཐོག་ལ་ཟླ་བརྩེགས་ནས་སྐོར་བྲོའི་དམངས་ཁྲོད་རིག་གནས་འདི་སློབ་སྦྱོང་བྱས་པ་བརྒྱུད།  མཐར་ཅུང་ཆ་ཚང་བའི་སྐོར་བྲོའི་སྒྱུ་རྩལ་ཞིག་ཡིད་ལ་ཆགས་ཤིང་། ཁོ་མོ་ཡང་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་ཁྱད་ལྡན་སྐོར་བྲོ་སྒྱུ་རྩལ་བའི་ཚབ་བྱེད་མི་སྣར་གྱུར་བ་རེད།

        སྐོར་བྲོ་ལ་གཏན་ཁེལ་གྱི་སྟངས་སྟབས་ཡོད་པས་མི་ཚང་མས་སློབ་སྦྱོང་བྱེད་ཐུབ་མོད། འོན་ཀྱང་གླུ་ཚིག་འདྲ་མིན་སྣ་ཚོགས་ཡོད་དེ་ཡིད་ལ་ངེས་རྒྱུ་དེ་ཧ་ཅང་དཀའ་མོ་ཡིན་པ་རེད། ཞུས་ཀུའེ་ལེན་གྱིས་ལོ་ངོ་ཉི་ཤུའི་དུས་ཚོད་བེད་སྤྱད་ནས་བོད་ཀྱི་བརྡ་རྙིང་གི་ཚིག་ཚོགས་མང་བའི་ཀོང་རྩེད་རའི་སྐོར་བྲོའི་གླུ་ཚིག་ཡོད་ཚད་རྒྱུ་ལ་ངེས་པར་བྱས་ཤིང་།  བཀོལ་སྤྱོད་ལ་རང་དབང་ཆེ་བའི་ཆུ་ཚད་ལ་སླེབས་ཡོད་པ་རེད།

        ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་སྐོར་བྲོའི་གདམས་དབྱངས་འདྲ་མིན་སྣ་ཚོགས་ཞུས་ཀུའེ་ལེན་གྱི་ཁོང་དུ་ཆུད་པས།གླུ་གར་སྒྱུ་རྩལ་ལ་སྔར་ལས་ལྷག་པར་ཆ་རྒྱུས་ཡོད་པར་གྱུར། ཁོ་མོ་རྫོང་དང་ཁུལ་ཞིང་ཆེན་སོགས་ཀྱི་སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་མ་ཟད། 1999ལོར་འཇར་པན་གྱི་རྒྱལ་སྤྱིའི་རིག་གནས་དུས་ཆེན་ལ་སོང་ནས་བདེ་ཆེན་བོད་ཀྱི་སྐོར་བྲོ་འཁྲབ་སྟོན་བྱས་པ་རེད།

        ད་ལོ་ཞུས་ཀུའེ་ལེན་ལོ་74ཡིན་ལ།སྐོར་བྲོ་ནི་ཁོ་མོའི་མི་ཚེའི་འགྲོ་རོགས་འདུག་རོགས་ལྟ་བུར་ཡིན་པ་མ་ཟད། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད་པ་རེད།