རྒྱལ་ཐང་ཞིང་པ་ཚོས་ཤུག་བུའི་ལུད་བཟོ་པའི་གནའ་གཏམ་ཞིག

རྩོམ་པ་པོ།   ེ་ཚེ་རིང་སྒྲོལ་མ།དུས་ཚོད།   2019-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉིན་འདི་དག་ལ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གི་གྲོང་གསེབ་ནང་དུ་ཞིང་པ་ཚོས་ཞིང་ཁར་ལུད་རྒྱག་པ་དང་ལོག་རྒྱག་ཡོད།  དེ་མིན་ལུད་གསར་བཟོ་བ་སོགས་བྱས་ནས་དཔྱིད་རྨོས་ལ་གྲ་སྒྲིག་བྱེད་བཞིན་ཡོད།  དེ་ཡང་རྒྱལ་ཐང་གི་ཞིང་པ་ཚོས་གཙོ་བོར་ཤུག་བུ་དང་ཐང་སྤུ།  རྟ་ལུག་ནོར་གསུམ་གྱི་སྐྱག་པ་སོགས་ཀྱི་ལུད་བཟོ་སྲོལ་ཡོད་རེད།  

ཁ་སང་ཁ་ཉིན་ཨ་མ་ངེད་གཉིས་ཤུག་བུ་གཙབ་དུས།   ཅིའི་ཕྱིར་ཤུག་བུའི་ལུད་བཟོ་བ་སྐོར་ཁ་བརྡ་གློད་ཡིན།  དེ་ནས་གནའ་སྔ་མོར་ཞིང་པ་ཚོས་ཤུག་བུའི་ལུད་བཟོ་མིན་དེ་བརྟག་དཔྱད་བྱེད་དཀའ་ལ།   ཡང་དུས་དེང་སང་ཅིའི་ཕྱིར་ཤུག་བུའི་ལུད་བཟོ་བའི་སྐོར་ནི་གནའ་གཏམ་ཞིག་ཡོད་དེ།   དུས་ཡུན་རིང་པོའི་སྔོན་གྱི་ཉིན་ཞིག་ལ།   ཨ་མྱེ་ཞིག་གི་བེ་ཤིང་གིས་མཐོང་པ་ཞིང་རྨོས་དུས་བཅག་ནས་ཁོང་གིས་ཞིང་ནང་བོར་ནས་བཞག་ལ།  དེ་ནས་ལོ་དེར་བེ་ཤིང་མཐོང་པ་བོར་སར་ལོ་ཐོག་ཧ་ཅང་ཡག་པོ་ཐོན་པ་རེད།  དེའི་ཕྱིར་ཞིང་པ་ཚོས་བེ་ཤིང་གིས་ཞིང་ཁར་ཕན་པ་བྱུང་ནས་ལོ་ལེགས་བྱུང་རྒྱུ་ཡིན་པ་ཤེས་ཏེ།  ཡང་བེ་ཤིང་སྡོང་བུ་ཧྲིལ་པོ་ཞིང་ནང་དབྱུག་ན་ལོ་མང་པོ་སོང་ནའང་ཞུ་མི་ཐུབ་པ་དང་ཞིང་རྨོས་དུས་སྟབས་མི་བདེ་བ་བསམ་ནས།  ཞིང་པ་ཚོས་བེ་ཤིང་གི་ལོ་མ་སྟེ་ཁ་རྒྱུན་དུ་ཤུག་བུ་ཟེར་བ་བཅད་དེ་གཙབ་ནས་ལུད་བཟོ་བ་རེད།  ལོ་འགའ་བགོར་རྗེས་ཤུག་བུ་གཙབ་སྟེ་ཐད་ཀར་ཞིང་ནང་བླུགས་ན་ཡང་ཞུ་དཀའ་བ་མཐོང་ནས་ཞིང་པ་ཚོས་སྔོན་ནས་ཤུག་བུ་གཙབ་སྟེ་ཕྱུགས་སོགས་ལ་གནོན་དུ་བཅུག་པ་དང་།  ཟླ་བ་བདུན་བརྒྱད་བགོར་ནས་ད་གཟོད་ཞིང་ནང་བླུགས་པ་རེད།  དེ་འདྲ་བྱས་ན་ལུད་དེས་ཞིང་ལ་དེ་བས་ཕན་ཐུབ་རེད་ཟེར་ཨ་མས་གནའ་གཏམ་དེ་བཤད་བྱུང་།  

དེ་ཡང་ལུང་པ་དང་ས་ཆ་མི་མཐུན་པའི་རྐྱེན་གྱིས་ཤུག་བུའི་ལུད་བཟོ་བའི་སྐོར་ལ་གནའ་གཏམ་གཞན་ཡང་ཡོད་སྲིད་ལ།  ཨ་མས་ང་ལ་བཤད་པ་དེ་ནི་ལག་ལེན་ནས་མྱངས་མྱོང་བྱུང་བ་ཞིག་ཡིན་པས།   ཡིད་རྟོན་རུང་ཚད་ཅུང་མཐོན་པོ་འདུག་པར་སྙམ།