གནའ་རབས་བོད་མིའི་མེ་ཆ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-07   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        

        མུ་མཐའ་མེད་པའི་ས་སྟོང་དུ། ཁ་ཆར་བུ་ཡུག་ཆེ་བས་པགས་རྩག་ལུས་ལ་གྱོན་ཡང་གྲང་ངར་གྱིས་ལུས་པོ་འཁྱགས་པས་བསྡམས། འཚོ་སྡོད་ཁོར་ཡུག་ངན་ངོན་པའི་ཁྲོད་མེས་དྲོད་འཁོལ་སྦྱིན་ཐུབ་པ་མ་ཟད། འཁྱགས་ལྟོགས་སེལ་ཐུབ། དེ་བས། མེ་ཆས་བོད་རིགས་ཀྱི་འཚོ་གནས་དང་འཚོ་བར་གཞི་རྩའི་ཆ་རྐྱེན་མཁོ་སྤྲོད་བྱེད་ཐུབ།

《གེ་སར་འཁྲུངས་རབས་》ནང་། མི་རྣམས་ཀྱིས་སྡོང་བོའི་ཡལ་ག་སྣ་ཚོགས་དང་སྟག་མའི་མེ་ཏོག ཤུག་པ། རྒྱ་ལྕང་གི་ལོ་མ་སོགས་སྤུངས་ནས་བསྭང་མཆོད་བྱེད། གེ་སར་རྒྱལ་པོས་མཆོག་གྱུར་མེ་ཆ་བརྡབ་ནས་བཀྲ་ཤིས་མེ་སོན་གྱིས་མཆོད་རྫས་ཀྱི་བསང་རྟེན་རྩི་ཤིང་མེ་སྦར། དེ་བས་མེ་ཆ་ནི་བོད་རིགས་མང་ཚོགས་ལ་མཚོན་ན་མཆོག་ཏུ་གྱུར་པའི་ཡོ་ཆས་ཞིག་ཡིན།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་མེ་ཆ། མེ་ཆའི་ཕྱི་དབྱིབས་རླུང་གཡབ་དབྱིབས་ཀྱི་ལག་ཁུག་ཞིག་དང་འདྲ། དཀར་རྡོ་དང་རྩྭ་མཉེན་བླུགས་སའི་ཁུག་མ་ཆུང་ཆུང་དང་། མེ་ཆ་གདབ་ཆས་ཀྱི་ལྕགས་ཀྱི་རྣོ་ཟུར་བཅས་ལས་གྲུབ་པ་ཡིན། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ནང་བོད་རིགས་མང་ཚོགས་ཀྱིས་མེ་ཆ་བཟོ་བའི་ལག་རྩལ་ཚད་མཐོན་པོ་གནང་ཡོད།

མེ་ཆ་བརྡར་བས་མེ་སྟག་བསྐྱེད། རླུང་གི་ཤུགས་ཀྱིས་མེ་ལྕེ་འབར།

མིའི་རིགས་ཀྱིས་ཤིང་གཙུབས་ནས་མེ་ལེན་པ་དང་རྡོ་བརྡར་ནས་མེ་ལེན་པའི་ཉམས་མྱོང་ཐོག་ཞིབ་འཇུག་བྱས་ཏེ་མེ་ཁ་གསོ་ཐབས་ཀྱི་ལག་ཆ་བཟོས། གླེན་ཉམས་ཆེ་ཡང་སྤྱོད་བདེ་བོ་ཡོད། མངོན་གསལ་དོད་པའི་དགེ་མཚན་གཅིག་ནི་འཁྱེར་བདེ་བ་ཡིན། གནམ་ངོ་རུབ་སྟེ་ཆར་བབ་ནའང་མེ་སྦར་ནས་གཡོས་བསྐོལ་དང་རི་དྭགས་རྔོན་དུས་བཀོལ་ཆོག མེ་ཆ་གཙུབ་བརྡར་བྱས་ཏེ་མེ་ལེན་པའི་རིགས་པ་སྟེ། མེ་ཆ་དང་མེ་རྡོ་ཡང་ཡང་གཙུབ་བརྡར་བྱས་ནས་ཚ་བ་རྒྱས་པ་དང་། དེ་ནས་ཤེད་ཀྱིས་མེ་རྡོ་ལ་གཞུས་ཚེ་མེ་སྟག་གིས་མེ་རྡོ་འོག་གི་མཉེན་རྩྭ་འཚིག་པ་ཡིན། དེ་ནས་མེས་འཚིག་པའི་མཉེན་རྩྭ་འཇག་མའི་ནང་བཅུག་ནས་ཕུ་བརྒྱབ་ཚེ་མེ་ལྕེ་བསྐྱེད་པ་དང་སྟེང་དུ་སྡོང་བོའི་ཡལ་ག་སོགས་འབུད་ཤིང་བཞག་ནས་ཟས་གཡོལ་བསྐོལ་བྱས་ཆོག མེ་ཆས་མེ་ལེན་བདེ་པ་དང་ལས་ཆོད་ཆེ་བས་ཀྲུང་གོའི་གནའ་རབས་སུ་མིས་ཐབས་ལ་བརྟེན་ནས་མེ་ལེན་པ་ནི་རྒྱ་ཁྱབ་ཏུ་སྤྱོད་པའི་བྱེད་ཐབས་དང་ལག་ཆ་ཞིག་ཡིན།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟེན་མཛོད་ཁང་གིས་འགྲེམས་སྟོན་བྱས་པའི་མེ་ཆ།

སྤྱོད་དངོས་ནས་རྒྱན་ཆར་གྱུར། དམངས་སྲོལ་གྱི་ཤུལ་དངོས་འཚོལ་བསྡུ།

ལོ་རྒྱུས་ཐོག་འབར་སླ་ཞིང་ཁྱེར་བདེ་བ། ཆག་སྐྱོན་འབྱུང་མི་སླ་བའི་མེ་ཆས་གྲང་ངར་དང་བརླན་གཤེར་ཆེ་བའི་མཐོ་སྒང་དུ་འཚོ་བའི་བོད་རིགས་ཞིང་འབྲོག་པ་མང་ཚོགས་རྣམས་ལ་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད། སྤྱི་ཚོགས་བྱ་འཕུར་བ་བཞིན་འཕེལ་རྒྱས་འགྲོ་བའི་ད་ལྟ་མེ་ཆ་ནི་ཉར་ཚགས་མཁན་མང་པོའི་དངོས་ཟོག་ཏུ་གྱུར་ཡོད།

འོན་ཀྱང་མི་ཉུང་ཤས་ཤིག་གིས་མི་རབས་ནས་མི་རབས་བར་བརྒྱུད་པའི་ནོར་བུ་འདི་བསྐྱུར་འདོད་མེད་པར། དེ་ལ་ཚེ་སྲོག་གསར་བ་ཞིག་གནང་སྟེ་རྒྱན་ཆར་བསྒྱུར་ཡོད། བཟོ་ལྟ་ཁྱད་ཆོས་ལྡན་ལ་ཉམས་མཛེས་པོ་ཡོད་པའི་བོད་བཟོའི་མེ་ཆའི་རྒྱན་ཆ་དེ་སྐྱེས་སྟོབས་འབར་བའི་བོད་རིགས་སྐྱེས་པའི་ལུས་ལ་བཏགས་ཚེ། གནའ་བོའི་བབ་ཆགས་དང་ཉམས་འགྱུར་ཁྱད་མཚར་བ་ཞིག་ཕྱིར་མངོན་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཆིང་རྒྱལ་རབས་དུས་ཀྱི་པགས་པས་གཡོགས་པའི་མེ་ཆ།(རིམ་པ་དང་པོའི་རིག་དངོས།) ཕྱིའི་བཟོ་དབྱིབས་ཟོར་བ་ཞིག་དང་མཚུངས། མ་ན་ཧོ་དང་བྱུ་རུ་དམར་པོ། གཡུ་སོགས་ནོར་བུ་སྣ་ཚོགས་ཀྱིས་ཕྲ་རྒྱན་ཡོད་པས་རྒྱས་ཤོམ་ཆེ་བའི་ཉམས་མངོན་ཡོད།

ལོ་རྒྱུས་འཕེལ་རིམ་ཧ་ཅང་རིང་པོའི་ནང་། མིའི་རིགས་ཀྱིས་ཤིང་གཙུབས་ནས་མེ་ལེན་པ་དང་མེ་ཆས་མེ་ལེན་པ། མུ་ཟིས་མེ་ལེན་པ། གློག་གིས་མེ་ལེན་པ་སོགས་ཐབས་མང་པོ་ཡོད། ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་གི་ནང་།            མེ་ཆ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན། ད་ལྟ་དངོས་སྤྱོད་དང་ཉར་ཚགས་ཀྱི་རིན་ཐང་གཉིས་ལྡན་པའི་མེ་ཆ་ནི་འདས་དོན་དུ་གྱུར་ཡོད། ཡིན་ནའང་འདི་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔང་པོ་ཡིན།