ཉན་ཆས་སྤྱོད་རྒྱུར་དགའ་བའི་གྲོགས་པོ་ཚོས་དོ་སྣང་བྱ་དགོས།

རྩོམ་པ་པོ།   དུས་ཚོད།   2019-03-06   རྩོམ་ཁུངས།    རྔ་བའི་རྔ་སྒྲ།

        ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ཤིག་ཏུ། མིག་སྔར་འཛམ་གླིང་ཡོངས་ཀྱི་ལོ་12ནས་35བར་གྱི་གཞོན་ནུ་ཚོའི་ཁྲོད་དུ་ཧ་ལམ་མི་དུང་ཕྱུར་11ཙམ་ལ་ཟློག་ཏུ་མེད་པའི་ཐོས་ཤུགས་ཞན་དུ་འགྲོ་བའི་ཉེན་ཁ་འཕྲད་ཡོད་པ་བསྟན་འདུག སྒྲ་དབྱངས་སྒྲིག་ཆས་ཀྱི་སྒྲ་ཤུགས་ཆེ་དྲགས་པ་ནི་ཐོས་ཤུགས་ཇེ་ཞན་དུ་གཏོང་བའི་“ལག་དམར་གཙོ་བོ་”དེ་ཡིན་པ་དང་། གལ་ཏེ་དུས་ཐོག་ཏུ་སྔོན་འགོག་མ་བྱས་ན་ཕལ་ཆེར་2050ལོར་སླེབས་དུས་མི་དུང་ཕྱུར་9བརྒལ་བ་ལ་དབང་བོ་སྐྱོན་ཅན་རང་བཞིན་གྱི་ཐོས་ཤུགས་ཉམས་པའི་ནད་རྟགས་འབྱུང་སྲིད་པ་རེད།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། ལྟ་སྐུལ་དོ་དམ་ལས་ཁུངས་དང་ཐོན་སྐྱེད་བཟོ་གྲྭས་རིག་ནུས་ལག་ཁྱེར་ཁ་པར་དང་རོལ་དབྱངས་གཏོང་ཆས་གཞན་པར་སྒྲ་ཆེ་ཆུང་དང་དུས་ཡུན་ཚོད་འཛིན་བྱེད་པའི་མཉེན་ཆས་སྒྲིག་འཇུག་བྱ་རྒྱུ་ཁག་ཐེག་བྱས་ཏེ། སྤྱོད་མཁན་གྱི་དུས་ཡུན་རིང་དྲགས་པ་དང་ཡང་ན་རོལ་དབྱངས་ལ་ཉན་སྐབས་སྒྲ་ཤུགས་ཆེ་དྲགས་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་དགོས་པ་བསྟན་འདུག

        ཐོས་ཤུགས་སྲུང་སྐྱོབ་བྱེད་པའི་"60-60"ཡི་རྩ་དོན།

        ཆེད་མཁས་པས་གསུངས་པ་ལྟར་ན། ཉན་ཆས་སྤྱོད་པའི་གོ་རིམ་ཁྲོད་དུ་རྣ་ནང་དུ་འཛུགས་པའི་ཉན་ཆས་ཀྱིས་ཐོས་ཤུགས་ལ་གནོད་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད་པ་དང་། ས་འོག་ལྕགས་ལམ་གྱི་འཁོར་སྒམ་ལྟ་བུ་ནི་བཀག་སྡོམ་གྱི་ཁོར་ཡུག་ཅིག་ཡིན་པས། མི་རྣམས་ཀྱི་རྣ་བར་གནོན་ཤུགས་ངེས་ཅན་ཐེབས་ཀྱི་ཡོད། དེའི་ཐོག་ཏུ་ཉན་ཆས་རྣ་བའི་ནང་དུ་བཙུགས་པ་ཡིན་ན། སྒྲ་དབྱངས་ཀྱིས་མཚམས་མི་ཆད་པར་རྣ་སྐྱིར་རྡུང་སྟེ། སྤུའི་ཕྲ་ཕུང་ལ་གནོད་སྐྱོན་བཟོ་སྲིད་པ་རེད།

        ཀྲུང་གོའི་བྱིས་པ་འོན་པའི་བདེ་ཐང་སླར་གསོའི་ཞིབ་འཇུག་ལྟེ་གནས་ཀྱི་ཐོས་ཤུགས་ཚོད་ཞིབ་པ་ཚའོ་ཧེ་ཧྥེང་གིས་“60-60”ཡི་རྩ་དོན་བཏོན་ཡོད་པ་དང་། དེ་ནི་སྒྲ་ཤུགས་60%ལས་མི་བརྒལ་བ་དང་སྤྱོད་ཡུན་སྐར་མ་60ལས་མི་བརྒལ་བ་དེ་རེད།

        མི་དར་མས་ཉན་ཆས་སྤྱོད་པའི་དུས་ཡུན་ཉིན་རེར་ཆུ་ཚོད་3ནས་4ལས་མི་བརྒལ་བ་དང་། ནར་མ་སོན་པའི་མིའི་སྤྱོད་ཡུན་ཆུ་ཚོད་2ལས་མི་བརྒལ་བ།

        ད་དུང་ཉན་ཆས་སྤྱོད་བཞིན་གཉིད་ཉལ་མི་རུང་སྟེ། གཉིད་ཉལ་ནས་ཉན་ཆས་སྤྱད་པ་ཡིན་ན་གནོད་སྐྱོན་ཕོག་པའི་དུས་མཚུངས་སུ་རྣ་བར་གནོད་པ་ཐེབས་སླ་བས། རྣ་བར་དངོས་ལུགས་ཀྱི་གནོད་སྐྱོན་ཐེབས་སྲིད་པ།

        སྐད་ཅོར་ཆེ་བའི་ཁོར་ཡུག་ཏུ་རོལ་དབྱངས་ལ་མ་ཉན་ལ་ལེགས། ཁོར་ཡུག་དེ་འདྲ་རུ་སྒྲ་ཤུགས་60%བཏང་ནའང་གསལ་པོ་ཐོས་མི་ཐུབ་པའི་སྐབས་སུ་ཉན་ཆས་མ་སྤྱད་ན་ལེགས།

        གཞི་གྲངས་ལྟར་ན། ཧྥུན་པེ་90-100ལ་སླེབས་པ་ཡིན་ན་ཐོས་ཤུགས་ལ་གནོད་པ་ཐེབས་སྲིད་པ་དང་། ཧྥུན་པེ་100-120བར་ནི་བཟོད་དཀའ་བ་ཞིག་ཡིན་པས། སྐར་མ་ཁ་ཤས་ནང་འོན་པར་གཏོང་ཐུབ་ཀྱི་ཡོད། མི་ལ་ལས་རྣ་བ་གཡས་གཡོན་བརྗེ་རེས་བྱས་ནས་སྤྱོད་ན་སྐྱོན་མི་འདུག་སྙམ་གྱི་ཡོད་མོད། ཡིན་ནའང་དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་ཡིན་པ་དང་། རྣ་བ་གཅིག་གིས་ཉན་ཆས་སྤྱད་ན་གཡས་གཡོན་གྱི་ནུས་པ་དོ་མི་སྙོམས་པར་ཆགས་པ་མ་ཟད་ཀླད་ཆེན་ཐང་ཆད་པའི་སྣང་ཚུལ་འབྱུང་སྲིད་པ་རེད།

        རྣ་ནང་དུ་འཛུགས་རྒྱུའི་ཉན་ཆས་དེ་རིགས་ལ་འབྲུ་ཕྲ་འགོ་སྲིད་པས། དུས་ལྟར་གཙང་སྦྲ་བྱེད་དགོས།

        ཆེད་མཁས་པས། རྣ་ནང་དུ་འཛུགས་པའི་ཉན་ཆས་དེ་རིགས་ལ་འབུ་ཕྲ་འགོ་སླ་བ་དང་རྣ་བར་རྨས་སྐྱོན་ཡོད་པའི་གནས་ཚུལ་འོག་ཏུ་ཚ་ནད་འབྱུང་སླ་ཞིང་རྣ་སྤབས་ཇེ་མང་དུ་གྱུར་ཏེ། རྣ་འུར་བ་དང་མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པ་བསྟན་ཡོད་ལ། སྨན་པས་གཟའ་འཁོར་རེར་ཆང་བཅུད་75%སྤྱད་ནས་ཉན་ཆས་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག