སོ་ནད་བརྟག་བཅོས་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།   དུས་ཚོད།   2019-02-27   རྩོམ་ཁུངས།    བོད་ཁུལ་འཕྲོད་བསྟེན་སྟེགས་བུ།

       དེ་ཡང་ཐོག་མར་ནད་མེད་བདེ་ཐང་སྐབས་ཀྱི་སོ་ཡི་བྱེད་ནུས་དང་བར་དུ་སོ་ནད་བྱུང་བའི་རྒྱུ་རྐྱེན།      དབྱེ་བ།       རྟགས།      ཐ་མར་གསོ་བའི་ཐབས་བཅས་གསུམ་དུ་དབྱེ་བ་ལ།  རྒྱུད་ལས། ། སོ་ཡི་གྲངས་ནི་སུམ་ཅུ་རྩ་གཉིས་མཆིས་ཞེས་དང་ཐོག་མར་སྨྲ་བརྗོད་ལ་སོགས་ལ་གཅེས་པའི་མདུན་སོ་ཡས་མས་བཞི་སྟེ་བརྒྱད་དང་། ཟས་སོགས་བལྡད་ཅིང་གཅོད་པར་བྱེད་པའི་འགྲམ་སོ་ཡས་མས་བརྒྱད་རེ་སྟེ་བཅུ་དྲུག མཐའ་བཞིའི་སོ་ཆུང་རེ་བསྒྲིལ་བས་ཁྱོན་གྲངས་སུམ་ཅུ་སོ་གཉིས་པོ་དེ་དག་གིས་བདེ་ཐང་སྐབས་སུ་སོ་ཡི་སྒྲའི་སྐྱེ་གནས་དང་། ཕྱི་རྣམ་འགྱུར་རྟེན། ནང་ཟས་བལྡད་བྱེད་ཀྱི་གཞི་བཅས་ཀྱི་རྩ་བ་ཡིན་པས་ན་རྒྱུན་དུ་དེ་དག་ལ་གཅེས་ཤིང་གཟབ་པར་བྱའོ། །

      བར་དུ་ནད་འབྱུང་བའི་རྒྱུ་རྐྱེན་བཤད་པ་ལ། རྒྱུད་ལས། ། རྒྱུ་རྐྱེན་མྱ་ངན་བྱུར་ཆགས་འདོད་པ་དང་། ཟས་སྤྱོད་གདོན་གྱི་འདུ་བ་འཁྲུགས་ལས་བྱུང་ཞེས་པ་ལྟར། སོ་ནད་ཀྱི་རྒྱུ་ནི་རྒྱུན་དུ་ཁ་ནང་གི་གཙང་སྦྲ་ཞན་པ་དང་། མངར་སྐྱུར་ཚྭ་སོགས་ཟས་ལ་ཞེན་ཆགས་པ། ཕྱི་རྐྱེན་གློ་བུར་བས་བརྡབ་པ་དང་ཕོག་པ། མཁྲེགས་པོ་ཟོས་པ་སོགས་ལས་བྱུང་བའོ།།

       དབྱེ་བ། རྒྱུད་ལས། དབྱེ་བ་རླུང་ཁྲག་སྲིན་ལས་གྱུར་བ་དང་། གདོན་དང་བྱུར་ཆགས་སོ་རྙིལ་ནད་དང་དྲུག་ཞེས་གསུངས་པ་ལྟར་དེའི་རྟགས་སུ། ༡རྒྱུད་ལས། རླུང་གྱུར་གྲང་དང་བསེར་བུ་བཟོད་ཐབས་མེད། སོ་ཀུན་འགུལ་སྙམས་བེར་བ་ལངས་ནས་ན། ཞེས་སོ་ནད་རླུང་ལས་གྱུར་ན་ཁ་ནང་དུ་རེག་བྱ་དང་རླུང་བསིལ་བུའི་རིགས་གང་རུང་བྱུང་ན་བཟོད་ཐབས་མེད་པར་ན་བ། གནས་ངེས་མེད་ཀྱི་སོ་ཀུན་འགུལ་བར་བྱེད་པ། ཡར་མཐོ་བར་ལངས་ན་ན་ཞིང་འཕར་རྩ་འཁྱུག་པ། དེང་དུས་གསོ་རིག་ལས་སོའི་ཆེད་སྤྱོད་འཕྲུལ་ཆས་ཀྱིས་སོ་རྐང་བུ་ག་ཕྱེ་ན་ལྷག་པར་དུ་དྲི་ངན་བྱུང་བ། བཅོས་སུ་རླུང་དང་གཉན་འཇོམས་སྨན་སྤྲད་པ།  སོ་རྐང་བུ་ག་ཕྱེ་ལ་ཟུགས་སྨན་བླུགས་པ་ས་ཕན།

       གཅིག ཁྲག་མཁྲིས་ལས་གྱུར་ནི། རྒྱུད་ལས། ཁྲག་མཁྲིས་དྲོད་ཆེ་རྩ་རྒྱབ་འཁྱུག་ཅིང་གཟེར། མེ་ཉི་དྲོད་བཅུད་གནོད་ཅིང་བསིལ་ལ་ཕན། ཞེས་པ་ལྟར། དོད་དྲག་རང་བཞིན་གྱི་ཁྲག་དང་མཁྲིས་པ་ལས་བྱུང་བའི་སོ་ནད་དེས་ལུས་ཀྱི་ཚ་དྲོད་ཆེ་ལ་སོ་རྩར་འཁྱུག་ཅིང་གཟེར་བ། མེ་ཉིདང་དྲོད་བཅུད་ཆེན་པོའི་ཟས་སྤྱོད་ཀྱི་གནོད་ཅིང་ཁྱད་པར་དུ་རླུང་བསིལ་རྔུབ་པ་དང་། ཆུ་གྲང་མོས་ཁ་བཀང་ན་ཤིན་ཏུ་ཕན་ཆེ་ལ་དྲོད་ཚེ་ན་བ། སོ་རྐང་བུ་ག་ཕྱེ་ན་ཁྲག་དང་རྣག་བྱུང་བ། གཟེར་ཤིན་ཏུ་ཆེ་བ་ལ་སྦྲིད་སྨན་རྒྱབ་རྗེས་ཕྱེ་ན་བཟང་།   བཅོས་སུ་གཉེན་གཟེར་འཇོམས་སྨན་སྤྲད་པའོ། །

      གཉིས། སྲིན་ལས་གྱུར་བ་ནི། རྒྱུད་ལས། སྲིན་ནད་ཚ་གྲང་གང་ཡང་རེག་ཐབས་མེད། ལྡང་དུབ་བྱེད་ཅིང་ཟུག་ལང་ལྷང་ལྷང་གཟེར། ཞེས་སྲིན་ལས་གྱུར་བ་ནི་ཉིན་མཚན་དང་ཚ་གྲང་དབྱེར་མེད་དུ་ཟུག་གཟེར་ལྡང་དུབ་བྱེད་པ། གཉན་ཤས་ཆེ་ན་མ་འགལ་རྨེན་བུ་སྐྲངས་ལ་རྣག་ཏུ་བྱུང་བ་དང་ཁ་གདངས་དཀའ་བ་སོགསབྱུང་།སོ་རྐང་བུ་ག་ཕྱེ་ན་རྣག་ཏུ་བྱུང་བའོ།བཅོས་སུ་གཉེན་འཇོམས་སྨན་སྤྲད་ལ་སོ་རྐང་བུ་ག་ཕྱེ་ལ་སོ་རྙིལ་རྣག་ཚད་བྱུང་བར་འབྲལ་གཅོད་དང་ཁྲག་རྣག་དབྱུང་བར་བྱའོ། །

       གསུམ། གདོན་དང་བྱུར་ཆགས། རྒྱུད་ལས། ཁྱད་པར་གདོན་དང་བྱུར་ཆགས་ལྡང་དུབ་ཆེ།བཅོས་རིགས་ཚ་གྲང་གང་ཡང་ཕན་ནུས་ཆུང་ཞེས་གདོན་དང་བྱུར་ཆགས་ཚོགས་གསོག་རིམ་གྲོས་ཟློག་པའོ། །

      བཞི། རྙིལ་ནད། རྒྱུད་ལས། རྙིལ་ནད་གཡའ་ཞིང་འདྲུལ་ལ་ཁྲག་རྣག་འཛག་ཅེས་པ་ལྟར་རྙིལ་ནད་བྱུང་བའི་རྒྱུ་ནི་ཟས་སྤྱོད་དམན་ལྷག་ལོག་པ་དཔེར་ན། ཐ་མག་འཐེན་པ་དང་ཆང་རག་འཐུང་དྲགས་པ་། སུར་པན་དང་དྲོད་ཆེ་བའི་ཟས་རིགས་ཟོས་དྲགས་པ།  རྒྱུན་དུ་ཁ་སྦུག་གི་གཙང་སྦྲར་དོ་སྣང་མེད་པའམ་གཙང་སྦྲ་ཞན་པ་སོགས་ལས་རྙིལ་མདོག་དམར་པོར་གྱུར་ནས་ཁྲག་དང་རྣག་འཛག་པ། མ་བཅོས་རྙིང་ནས་སོ་འགུལ་བ།  རྙིལ་སྐྲངས་པ།  མཐར་སྐྲན་དུ་གྱུར་བའོ། །


གསོ་དཀའ་བཅོས་བརྡུགས་སོ་དབྱུང་བའམ་བཀོག་པ་ལ་རུང་དང་མི་རུང་གཉིས་ལས། 

      དང་པོ་རུང་བ་ལ།  ༡ གཞི་རྒྱ་ཆེ་བའི་སྲིན་དང་ཁོང་སྟོང་ལྷན་ཐབས་མེད་པ། ༢ སོ་རྩའི་གཉན་ཚད་སོ་རྐང་བུ་གའི་བཅོས་ཐབས་མེད་པ།  ༣ སོ་རྙིལ་གཉན་ཚད་དུས་ཕྱི་མར་སླེབས་ནས་སོ་འགུལ་ཆེ་བ། ༤ སོ་རྩ་གཞུང་དུ་གས་པ་དང་ཆག་པ།  ༥ སོ་སྲིན་ནད་ཀྱིས་སོའི་ཞབས་རྡོལ་ཆེ་བ།  ༦ སོ་དེ་རྙིལ་ནས་ཕྱིར་དོན་མ་ཐུབ་པ་དང་།  རྙིལ་འོག་ཏུ་ལུས་པ། ༧ ནུ་སོ་དང་རྟེན་སོ་གཉིས་དུས་ཐོག་ཏུ་བརྗེ་མ་ཐུབ་པར་ལུས་པའི་སོ་དང་གནས་གཞན་སྐྱེས་ཀྱི་སོ་བཅས་སོ། ༨ ནད་ཀྱི་རྩ་བར་གྱུར་བའི་སོ། མཛེས་ཆོས་དང་དགོས་པའི་དབང་གིས་ཕུད་དགོས་པའི་སོ། །

       དེ་ལྟར་སོ་མ་བཀོག་གོང་སྔོན་འགྲོའི་བརྟག་དཔྱད་ཞིབ་མོར་བྱ་དགོས་གལ་ཆེ་ལ། མི་རུང་ནི་ཁྲག་ཤེད་མཐོ་བ་དང་། ཡང་ན་དམའ་བ། ཁྲག་རིལ་དཀར་པོའི་ནད། རྨེན་བུའི་སྐྲན་ནད། གཅིན་སྙིའི་ནད། ལྦ་བའི་ནད། སྙིང་ནད། མཁལ་ནད། མཆིན་པའི་ནད། སྦྲུམ་ལྡན། ཟླ་མཚན་དུས། གཉན་ཚད་དང་ཟུངས་ཞན་སོགས་སུ་སོ་བཀོག་མི་རུང་བས་གཟབ་པར་འཚལ། །