2018ལོར་མཚོ་སྔོན་པོའི་ཆུ་ངོས་རྨིད0.48ཀྱིས་ཡར་འཕར་ཡོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-26   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

        གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོར་འབབ་པའི་ཆུ་ལག་དག་ལ་ཆར་བབས་པ་ཧ་ཅང་མང་པའི་རྐྱེན་གྱིས་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་མཚེའུ་སྟེ་མཚོ་སྔོན་པོའི་ཆུ་ངོས་དེ2018ལོར་རྨིད0.48ཀྱིས་ཡར་འཕར་ཡོད་ལ། ད་ལྟའི་བར་ལོ་ངོ14ཡི་རིང་ལ་ཡར་འཕར་ནས་ཆུའི་ཚད་གཞི་དེ་དུས་རབས་སྔོན་མའི་ལོ་རབས70པའི་སྟོད་ཀྱི་ཚད་གཞི་ལ་སླེབས་ཡོད།

        མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་མཁས་ཅན་མ་ཀྲན་ལིའང་གིས་ངོ་སྤྲོད་བྱེད་རྒྱུར། 2018ལོར་མཚོ་སྔོན་པོར་འབབ་པའི་ཆུ་ལག་དག་ལ་ཆར་བབས་པའི་རྐྱེན་གྱིས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པར་གྱུར་ཡོད། ཆར་འབབ་པའི་ཚད་ཧ་ཅང་མོད་པོའི་དབང་གིས་ཆུ་ལག་འབབ་རྒྱུད་ཀྱི་ཆུ་རྒྱུན་དག་གི་འབབ་རྒྱུན་དེ་ཡང་མུ་མཐུད་དུ་ཡར་འཕར་བཞིན་ཡོད་པས། མཚོ་སྔོན་པོའི་ཆུ་ངོས་ཡང་མུ་མཐུད་དུ་ཡར་འཕར་བ་རེད་ཟེར།

        གཞི་གྲངས་ལས་མངོན་པ་ལྟར་ན། 2018ལོར་མཚོ་སྔོན་པོར་འབབ་པའི་ཆུ་ལག་དག་གི་ཆ་སྙོམས་ཀྱི་ཆར་ཆུའི་འབབ་ཚད་ནི་ཧའོ་རྨིད503.7ཡིན་ཞིང་། ཅུང་རྒྱུན་ལྡན་གྱི་ལོ་སྟེ། 1981ནས2010ལོའི་བར་གྱི་ཆར་ཆུའི་འབབ་ཚད་ལས་ལྡབ3གྱིས་མང་པ་རེད། མཚོ་སྔོན་པོར་འབབ་པའི་མངའ་ཁོངས་སོ་སོའི་ཆུ་ལག་དག་གི་ཆར་ཆུའི་འབབ་ཚད་ནི་ཧའོ་རྨིད495.6ནས་ཧའོ་རྨིད511.8ཀྱི་བར་ཡིན་པས། རྒྱུན་ལྡན་གྱི་ལོ་གཞན་དག་ལས་ལྡབ་གསུམ་གྱིས་མཐོ་བ་རེད།

        མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་པའི་མཚོ་སྔོན་པོ་ལ“ཀྲུང་གོའི་ཆེས་མཛེས་པའི་མཚེའུ”ཞེས་པའི་མཚན་སྙན་ཐོབ་ཡོད། དེ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་ཀྱི་ཆུ་ལག་གལ་ཆེན་ཞིག་ཡིན་པ་མ་ཟད། ནུབ་རྒྱུད་ཀྱི་བྱེ་ཐང་དེ་ཤར་དུ་བསྲིངས་བར་བཀག་འགོག་བྱེད་པའི་རང་བྱུང་གི་སྲུང་རགས་གལ་ཆེན་ཞིག་ཀྱང་ཡིན་ངེས།