མཐའ་ཆུའི་ལོ་གསར་ཚེས་དྲུག་གི་རྟ་རྒྱུག

རྩོམ་པ་པོ།   དུས་ཚོད།   2019-02-13   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་2པའི་ཚེས་10ཉིན་དེ། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མཐའ་ཆུ་སྡེ་བའི་ལོ་གསར་ཚེས་དྲུག་གི་རྟ་རྒྱུག་གི་ཉིན་མོར་ཁེལ་ཡོད་ལ།  ལོ་གསར་བའི་ནང་མང་ཚོགས་ལ་ཆེས་རེ་སྒུག་ཡོད་སའི་ཉིན་དང་ཆེས་འཁྲུག་ཆ་དོད་པའི་ཉིན་དེ་ཡིན་པ་རེད།

    མཐའ་ཆུ་གྲོང་ཚོའི་ལོ་གསར་ཚེས་དྲུག་གི་རྟ་རྒྱུག་དེ་ད་ལྟའི་བར་ཐེངས་29སྤེལ་ཟིན་ལ། ཐེངས་འདིའི་འགྲན་བསྡུར་ལ་མི་20ལྷག་ཞུགས་ཡོད།

    ཉིན་དེའི་སྔ་དྲོར་རེ་སྒུག་ཡུན་རིང་བྱས་པའི་རྟ་རྒྱུག་དུས་ལྟར་འགོ་བརྩམས་ཤིང་། གྲོང་མི་རྣམས་ཀྱིས་ལོ་གསར་ཀྱི་རྒྱན་གོས་སྤྲས་ཤིང་། གདོང་ལ་གནམ་ལོ་གསར་ཚེས་ཀྱི་འཛུམ་གྱིས་ཁེངས་ཏེ་མ་གྲོས་གཅིག་མཐུན་གྱི་སྒོ་ནས་སྡེ་འགྲམ་གྱི་རྟ་རྒྱུག་ཐང་ཆེན་དུ་འཛོམས་པ་རེད། ཉིན་དེའི་རྟ་རྒྱུག་གི་ལྟད་མོར་བལྟ་མཁན་ལ་ས་གནས་ཀྱི་བོད་རིགས་ཁོ་ན་ཙམ་མ་ཡིན་པར་མཐའ་འཁོར་གྱི་འཇང་རིགས་དང་ལིའུ་སུའུ་རིགས་སོགས་མི་རིགས་གཞན་པ་མང་པོ་ཡོད་དེ།  མི་རིགས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད། 

     ཉིན་འདིར་ཡང་རྟ་རྒྱུག་ཁོ་ན་མ་ཡིན་པར། ལོ་གསར་ཚེས་དྲུག་གི་ཞོགས་པར་སྡེ་བའི་སྐྱེས་པ་རྣམས་བླ་རེའི་མགོར་སོང་ནས་གཞི་བདག་ལ་བསང་མཆོད་བྱ་ལ། ལབ་ཙེ་བསྟོད་པ་རེད། 

ཛ་དྲག་གི་འགྲན་བསྡུར་དེ་དུས་ཚོད་གཅིག་ལྷག་ལ་སྤེལ་མཐར། ད་ལོའི་རྟ་རྒྱུག་གི་བྱ་དགའ་ཨང་དང་པོ་དེ་མཐའ་ཆུ་གྲོང་ཚོའི་དོན་གྲུབ་ཕུན་ཚོགས་ཀྱིས་བླངས་ཤིང་། ཨ་བཀྲ་དང་སྙིང་བོ་གཉིས་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད།

     ངག་རྒྱུན་ལ་གནས་འདིའི་གཞི་བདག་གི་ཆིབས་པ་རྟ་དཀར་པོ་ཞིག་ཡིན་ལ།  གནའ་སྔ་མོར་གནས་འདིའི་མང་ཚོགས་ལ་ནད་ཡམས་འགོས་ནས་མི་མང་བོ་ནད་ཀྱིས་ཤི་ཞིང་།  མཐར་ཁྱིམ་ཚང་བཞི་ལས་མ་ལྷག་ཅིང་།  ཁོ་ཚོས་ལོ་གསར་ཚེས་དྲུག་གི་ཉིན་འདིར་གཞི་བདག་ལ་བསང་མཆོད་དང་ལབ་ཙེ་བསྟོད་པ་སོགས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་མཐར། ཁྱིམ་ཚང་བཞི་བོ་མཛེ་ནད་ཀྱི་འཇིག་པ་ལས་མཐར་ཞིང་།  བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པས། དུས་དེ་ནས་བཟུང་ཉིན་འདི་གཞི་བདག་ལ་མཆོད་འབུལ་བྱེད་པའི་ཉིན་མར་གཏན་ཁེལ་བྱས་ལ། རྟ་རྒྱུག་འགོ་མ་བརྩམ་གོང་ལ་རྟ་དཀར་པོ་ཞིག་རྒྱུག་པའི་སྲོལ་དར་བ་རེད།