དབུ་ཤོག >> ཡུལ་སྲོལ་གོམས་གཤིས།
རེབ་གོང་ཡུལ་གྱི་ལོ་གསར་ལེགས་སྐྱེས་གོ་རེ་ཐལ་གོར་བཟོ་ཚུལ།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། དུས་ཚོད། 2019-02-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རེབ་གོང་བ་ཞིག་ཡིན་ཕྱིར།  ས་ཆ་གང་དུ་སོང་ཡང་ཆེས་བརྗེད་ཐབས་མེད་པ་ནི་ཕ་ཡུལ་གྱི་མིང་བྱང་ལྟ་བུར་གྱུར་ཡོད་པའི་གོ་རེ་ཟེར་རྒྱུ་འདི་ཡིན།ལོ་གསར་གྱི་སྐབས་སུའང་ཕན་ཚུན་ལ་ལོ་གསར་བསྐྱལ་སྐབས་གོ་རེ་ནི་མེད་དུ་མི་རུང་བའི་ལེགས་སྐྱེས་ཤིག་ཡིན་པ་རེད།   གོ་རེའི་ཕྱི་སྲ་ལ་ནང་སྙི་བ།  བྲོ་བ་ཁྱད་པར་བ་ཞིག་ལྡན་ཡོད་པས་གོ་རེ་ནི་ཡུལ་མི་རྣམས་ཀྱིས་ཉིན་གཅིག་གི་ཇ་ཁ་གསུམ་ནང་ཞོགས་ཇ་དང་གུང་ཇ་ལ་ཆད་མི་རུང་བའི་ཟས་མཆོག་ཅིག་ཏུ་གྱུར་ཡོད།  དེང་སང་རེབ་གོང་གོ་རེ་ནི་ཕ་ཡུལ་ལས་བརྒལ་ནས་ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་ར་གང་སར་འཚོང་མཁན་བྱུང་ཡོད། 

བོ་ཐོ་སྤུངས་ནས་ཐལ་རགས་བཅའ་བ།

        གོ་རེ་ཐལ་གོར་བཟོ་བ་ལ།  གོ་རིམ་མང་པོ་ཞིག་བརྒྱུད་དགོས་པ་སྟེ།  ཐོག་མར་ཉིན་གཉིག་གི་སྔོན་དུ་སྐྱུར་སྒྱུང་དགོས།  སྐྱུར་ལངས་རྗེས་ཕྱེ་སྣོས་ནས་དབྱིབས་གོར་གོར་བཟོས་ཏེ་མེ་བསྲེགས་བཏང་ཚར་བའི་ཐལ་ཡི་སྟེང་དུ་འཇོག་དགོས།   ཐོག་མར་ཐལ་རགས་བཅའ་བ་ཞེས་པ་སྟེ།  བོ་ཐོ་རྣམས་སྤུངས་ནས་མེ་ལ་སྲེག་དགོས།  དེ་ནས་བོ་ཐོ་རྣམས་ཞིབ་མོར་རྡུང་རྗེས་དེའི་ཐོག་ལ་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་བྱེ་ལེབ་མོ་དེ་འཇོག་པ་དང་།  དེའི་གོང་འོག་གཉིས་ལ་ཐལ་ཚ་མོ་བླུག་ནས།  ཆུ་ཚོད་ཕྱེད་ཀ་འགོར་དུས་གཞི་ནས་གོ་རེ་ཚོས་ཡོད།  

བྱེ་ལེབ་བཟོ་བ།


ཐལ་རགས་ཐོག་ཏུ་བྱེ་ལེབ་འཇོག་པ།

        གནའ་བོའི་དུས་ནས་བརྒྱུད་པའི་གོ་རེ་ཐལ་སྲེག་མ་འདི་ཁ་ལ་ཞིམ་པ་མ་ཟད་ཁོག་ལ་བདེ།  འདིའི་ནང་དུ་རྫས་གཞན་པ་གཅིག་ཀྱང་བསྲེས་མེད་པས་ལུས་སྟོབས་རྒྱས་པ་ལའང་ཤིན་ཏུ་ཕན།  རེབ་གོང་གླིང་རྒྱལ་ཡུལ་དུ་སྔར་ནས་བརྒྱུད་པའི་སྲོལ་རྒྱུན་ལག་རྩལ་འདི་མུ་མཐུད་ནས་རྒྱུན་འཛིན་བྱས་ཡོད་ཅིང་།  ལོ་ཉི་ཤུ་ཡས་མས་ཀྱི་བུ་མོ་ཚང་མས་གོ་རེ་ཐལ་སྲེག་བཟོ་ཤེས།  གོ་རེ་ཐལ་སྲེག་གི་ནང་དུ་ཡང་།  ཆུ་བཏུས།   གཡུས་བླུག   རྣ་གཅུ།  སྲན་མ་བསྐུས་ཡོད་པའི་གོ་རེ་འབའ་ཇ།  ཐལ་གོར་སོགས་རིགས་དུ་མ་ཡོད། 

གོ་རེ་ཚོས་པ།

གོ་རེ་ཐལ་གོར།

        གོ་རེ་ཐལ་གོར་ཡི་སྤྱོད་སྒོ་ཤིན་ཏུ་ཆེ།  འདི་རྒྱུན་པར་ཁ་ལ་ཟ་བ་ལས་གཞན།  གོང་བླ་མ་དང་དཔོན་པོ་ལ་ལོ་གསར་གྱི་འཚམས་འདྲིའི་ལེགས་སྐྱེས་སུ་ཕུལ་ཆོག་ལ།   བུ་མོ་གནས་ལ་སྐྱེལ་དུས་གོ་རེས་རྫོངས་པ་བྱེད་དགོས།  ཁང་གསར་ཡི་གཞི་བཅའ་བ་དང་།  བྱིས་པའི་བཙས་སྟོན།  ལོ་སྟོན་དང་ཆོས་བཅའ་བ་སོགས་གང་སར་གོ་རེ་འཁྱེར་ནས་འཚམས་འདྲི་བྱེད་པ་སོགས་མདོར་ན་གོ་རེ་ནི་མི་དགོས་ས་གཅིག་ཀྱང་མེད་ལ།  དོན་དམ་པའི་ཐོག་ནས་ཟས་ཀྱི་མཆོག་ཡིན་ཞེས་བརྗོད་ཆོག་ཆོག་རེད།