ལོ་གསར་ནང་ཤོག་སྦག་རྒྱག་དུས་མཉམ་འཇོག་བྱེད་དགོས་པ་འགའ།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ནི་རེ་སྒུག་ཡུན་རིང་བྱས་པའི་བཀྲ་ཤིས་པའི་གནམ་ལོ་གསར་བ་དེ་ཚེས་བྱུང་།   ལོ་གསར་ནང་ཀུན་གྱིས་ལུས་ལ་གོས་གཙང་མ་གྱོན་ནས་གདོང་ལ་འཛུམ་གྱིས་ཁེངས་པ་དང་།    ཕ་མ་བུ་ཕྲུག་སོགས་མཉམ་འཛོམས་བྱུང་བས་གང་སར་བཀྲ་ཤིས་པའི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་ཡོད།    ལོ་གསར་ནང་ཤོག་སྦག་གཏོང་བ་ནི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ཅིང་།    ཤོག་སྦག་གད་པའི་མེ་ཏོག་གི་འོད་སྣང་ཕྱོགས་བཅུར་འཕྲོས་ནས་གང་སར་འཁྲུག་ཆ་ཆེ་བའི་སྒྲས་བཀང་དུས་ལོ་གསར་ལ་གསོན་ཤུགས་གསར་བ་ཞིག་བསྣན་ཡོད་པ་དང་མཚུངས།

        དེང་སང་ཚོང་རའི་ནང་ན་ཤོག་སྦག་སྣ་མ་སྣ་ཚོགས་བཙོང་རྒྱུ་ཡོད།     མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཤོག་སྦག་ཉོ་ཚད་ཀྱང་ཇེ་མང་དུ་སོང་ཡོད།    སྡེ་བའི་ནང་དུ་གཉེན་སྒྲིག་བྱེད་པའམ།   མགྲོན་པོ་སྣེ་ལེན་བྱེད་པ།  ཡང་ན་ཟློས་གར་དང་རྣམ་ཐར་སྟོན་པ།    རི་མགོར་བསང་གཏོང་བ་སོགས་ཀྱི་དུས་སུ་ཤོག་སྦག་རྒྱག་གི་ཡོད།    བྱིས་པ་ཚོས་ཀྱང་ལོ་གསར་གྱི་སྐབས་སུ་ཤོག་སྦག་རྩེད་རྒྱུ་ནི་ཆེས་སྤྲོ་སྣང་ལྡན་པ་དང་རེ་སྒུག་བྱེད་སྲིད་པའི་དོན་དག་ཅིག་ལ་བརྩིས་ཡོད།   ང་རང་ཆུང་དུས་ཡིན་ན་རྒན་པ་ཚོས་བྱིས་པ་རེ་རེ་ལ་ལོ་གསར་ལ་ཤོག་སྦག་ཉུང་ངུ་རེ་སྟེར་སྲོལ་ཡོད།  

        ཤོག་སྦག་ནི་མེ་རྫས་ལས་བཟོས་པ་ཡིན་པས་ཉེན་ཁ་ཡང་ཅུང་ཆེ།  ཆུང་དུས་སྡེ་བའི་ནང་གི་རྩྭ་ར་མེ་ལ་ཤོར་བ་དང་།   ཡང་ན་ཁང་མིག་མེ་ལ་ཤོར་བའི་གནས་ཚུལ་མང་པོ་ཞིག་ལ་འཕྲད་ཀྱི་ཡོད།   དེ་མིན་བྱིས་པའི་མིག་ལ་གནོད་སྐྱོན་བཟོས་པ་དང་།  ལག་པ་ལ་རྨས་བཟོས་པའི་གནད་དོན་མང་པོ་ཞིག་འབྱུང་གི་ཡོད།    དེས་ན་འདིར་མཉམ་འཇོག་དགོས་པ་ཞིག་ལ།  ཤོག་སྦག་རྒྱག་དུས་རྩྭ་སྐམ་པོ་ཡོད་ས་དང་།   འབར་སླ་བའི་དངོས་རྫས།    ཡང་ན་འགད་སླ་བའི་དངོས་རྫས་སོགས་ཀྱི་ཉེ་ས་ནས་ཅིས་ཀྱང་རྒྱག་མི་རུང་།    ཐང་ཆེ་ས་དང་ཉེན་ཁ་མེད་ས་ནས་རྒྱབ་ན་མཚམས་པ་ཡིན།     དེང་སང་བྱིས་པ་ཚོ་ལ་བྱིས་པའི་ཤོག་སྦག་བཙོང་རྒྱུ་ཡོད་ཅིང་།   དེ་ལ་དེ་འདྲའི་ཉེན་ཁ་ཆེན་པོ་མེད་ན་ཡང་།   ལག་པ་དང་མིག་གི་ཉེ་ས་ནས་རྒྱག་མི་རུང་ལ།   ཉེ་འཁོར་གྱི་མིའི་སྟེང་ལ་གཡུགས་མི་རུང་།    ད་དུང་ཤོག་སྦག་མང་པོ་ཞིག་ནས་དུ་བ་མང་པོ་ཐོན་གྱི་ཡོད་པས་དེ་ཁ་དང་སྣ་ནང་དུ་སོང་ན་མགོ་ཡུར་འཁོར་བ་དང་སྐྱུག་རྒྱུ་ལངས་པའི་གནས་ཚུལ་འབྱུང་ཡང་སྲིད།    དེ་ལ་ངེས་པར་དུ་ཁྱིམ་བདག་གིས་ཉེན་ཁའི་གནས་ཚུལ་གསལ་བོར་བཤད་དགོས་པ་དང་ཡང་ན་ཁྱིམ་བདག་གི་ལྟ་སྐྱོང་འོག་ཤོག་སྦག་རྒྱག་དགོས།    ཤོག་སྦག་རེ་འགའ་ནི་སྡོང་རས་ཆད་པའམ་ཡང་ན་ནང་གི་མེ་རྫས་གཡུག་ཐེངས་མང་པ་སོགས་ཀྱི་གནས་ཚུལ་གྱི་དབང་གིས་གས་མི་སྲིད་པའམ་ཡང་ན་གས་རྒྱུ་ཅུང་དལ་འགོར་བྱེད་སྲིད་པས།    མེ་ལ་སྒྲོན་པའི་ཤོག་སྦག་མ་གས་པ་ཡིན་ན་དེ་ལ་ལག་པས་རེག་མི་ཉན།    ལག་ལ་བཟུང་དུས་གློ་བུར་དུ་གས་ནས་རྨས་སྐྱོན་བཏང་བའི་གནས་ཚུལ་མང་དུ་མཆིས།   མཁའ་ལ་གཏོང་བའི་ཤོག་སྦག་ཡིན་ན་ས་སྟེང་ལ་བརྟན་པོར་འཇོག་དགོས་པ་ལས་གང་སར་གཡོ་རུ་འཇུག་མི་ཉན།   ད་དུང་ཤོག་སྦག་ནི་ས་ལ་བཞག་ནས་རྒྱག་པ་ལས་ལག་ལ་མ་བཟུང་ན་དགའ།   དེ་མིན་གས་རོ་ཡིས་ངོ་དང་མིག་ལ་གནོད་པ་བཟོ་བའི་ཉེན་ཁ་ཡང་མེད་པ་མིན།  གཞན་ཡང་ཤོག་སྦག་ཉོས་ནས་ཁྱིམ་དུ་སླེབས་དུས།   བྱིས་པའི་རེག་མི་ཐུབ་སའི་གནས་སུ་འཇོག་དགོས།  ད་དུང་ཐབ་ཁུང་སོགས་མེ་དང་བར་ཐག་ཉེ་ས་ནས་འཇོག་མི་རུང་བ་འདི་ཡང་ངེས་པར་ཤེས་དགོས་པ་ཞིག་རེད།  ཤོག་སྦག་རྒྱབ་ཚར་དུས་ཤོག་སྦག་གི་སྙིགས་རོ་ཕྱོགས་གཅིག་ཏུ་སྤུང་ནས་ཁོར་ཡུག་ལ་གཙང་སྦྲ་བྱེད་རྒྱུ་ཡང་གསལ་འདེབས་ཤིག་གི་ཚུལ་དུ་ཞུས་པ་ལགས།    འདིར་ཤོག་སྦག་རྒྱག་དུས་མཉམ་འཇོག་བྱེད་དགོས་པ་འགའ་བཀོད་ཡོད་པ་འདིས་ཀྱང་ཁྱེད་ཀྱི་བདེ་འཇགས་ལ་ཕན་ཐོགས་ཅུང་ཟད་བསྐྱེད་པའི་སྨོན་འདུན་ཞུས་པ་ཡིན།