ལོ་གསར་གྱི་བར་སྐབས་སུ་འགྲོ་འོང་བྱེད་དུས་མཉམ་འཇོག་བྱེད་དགོས་པ་འགའ།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

            ལོ་གསར་ནང་ཐག་ཉེ་རིང་ཀུན་ན་ཡོད་པའི་བཟའ་མི་ཀུན་ལྷན་འཛོམས་བྱུང་སྟེ་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་བཀྲ་ཤིས་པའི་ལོ་གསར་ལ་རོལ་གྱི་ཡོད།    མཉམ་འཛོམས་བྱུང་བའི་ཞོར་ལ་སྡེ་བའི་ནང་གི་ལོ་ན་བགྲེས་ཤོས་དང་ཡང་ན་ངོ་ཤེས་གྲོགས་པོ་ལ་ལོ་གསར་འཁྱེར་བའི་སྲོལ་རྒྱུན་ཡང་སྔར་ནས་ཡོད་པ་བཞིན།   ཕན་ཚུན་ལ་འཚམས་འདྲི་དང་འགྲོ་འོང་བྱེད་པ་སོགས་ཀྱང་རྒྱུག་ཆེ་བའི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།     འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་རླངས་འཁོར་སྣ་ཚོགས་དར་ཞིང་།  དེང་སང་ལམ་ཐག་ཐུང་ངུའི་བར་ལ་ཡང་རླངས་འཁོར་དང་སྦག་སྦག་བཏང་ནས་འགྲོ་བ་ལས་རྐང་ཐང་དུ་བསྐྱོད་མཁན་ཤིན་ཏུ་ཉུང་། 

        ལོ་གསར་ནང་ཐག་ཉེ་རིང་ཀུན་ན་ཡོད་པའི་མི་རྣམས་ཕ་ཡུལ་དུ་ཐོན་པས།  འགྲོ་འོང་བྱེད་མཁན་མང་ལ་གང་སར་རླངས་འཁོར་བཞག་ཡོད་པ་མཐོང་ཐུབ།    ལྷག་པར་ལོ་གསར་ནི་དགུན་ཁའི་དུས་ལ་འཁེལ་ཡོད་སྟབས།   ལམ་ངོས་ལ་ཆབ་རོམ་ཆགས་ཡོད་པས་རླངས་འཁོར་བསྐོར་དུས་གཟབ་གཟབ་བྱེད་རྒྱུ་འདི་ངེས་པར་ཤེས་དགོས་པ་ཞིག་རེད།   ཡང་ལ་ལས་སྔ་གཞུག་རྩད་ནས་ཕན་ཚུན་ལ་ལམ་མི་གཟུར་བས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཡང་མཐོང་རྒྱུ་ཡོད།     ལོ་གསར་ནང་རྒྱ་ལམ་གྱི་གཡས་གཡོན་དུ་ཕན་ཚུན་འགྲོ་འོང་བྱེད་མཁན་མང་བས།   དཀྱོག་གི་མཚམས་ནས་ངེས་པར་དུ་རླངས་འཁོར་ཇེ་དལ་ལ་གཏོང་དགོས།    ལམ་བར་དུ་བྱིས་པ་ཚོ་ཕར་རྒྱུག་མར་རྒྱུག་བྱེད་པའམ་ཡང་ན་ནོར་ལུག་འགྲོ་འོང་བྱེད་པའི་དུས་ཀྱང་མང་བས་འདི་ལ་ཡང་ཅིས་ཀྱང་གཟབ་པར་འཚལ།  

        ལོ་གསར་ནང་ཆང་འཐུང་མཁན་ཡང་ཅུང་མང་བས་ཆང་འཐུང་ནས་རླངས་འཁོར་བསྐོར་མི་རུང་ལ།   ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཉེན་ཁ་འབྱུང་ཚད་ཆེ་ལ།    འགྲིམ་འགྲུལ་སྒྲིག་སྲོལ་ལ་ཡང་འགལ་ཡོད་པས།   རང་གཞན་ཀུན་གྱི་ཚེ་སྲོག་གི་བདེ་འཇགས་ཀྱི་ཕྱིར་དུ་ཆང་འཐུང་ནས་རླངས་འཁོར་བསྐོར་མི་རུང་།     རླངས་འཁོར་བསྐོར་ན་ཚད་ལྡན་གྱི་དཔང་ཡིག་དགོས་ལ།  རྣམ་རིག་གསལ་བོ་ཡིན་དགོས།     དེ་མིན་ང་ཚོའི་བོད་ཁུལ་ན་རི་ཁུག་དང་ཀྱག་ཀྱོག་ཅུང་མང་བས་ལ་ལས་རི་མགོ་སོགས་ལ་ཡང་རླངས་འཁོར་བསྐོར་ནས་འགྲོ་བ་དང་།    ལམ་ཕྲན་བུའི་གནས་ལ་ཡང་འཛེམ་དོགས་མེད་པར་རླངས་འཁོར་བསྐོར་སྲིད།    ལོ་གསར་བ་ཞིག་རོལ་བ་དང་ཁྱིམ་མི་ཀུན་གྱི་བདེ་སྐྱིད་ཀྱི་ཕྱིར་དུ།    རྐང་ཐང་ལ་ཅུང་ཙམ་འགྲོ་དགོས་ཀྱང་ཉེན་ཁའི་གནས་སུ་རླངས་འཁོར་མི་གཏོང་བའི་གསལ་འདེབས་ཞུས་པ་ལགས།    རླངས་འཁོར་བསྐོར་དུས་བྱིས་པ་ནི་འདུག་སྟེགས་ལ་གཞུག་ནས་འདུག་དགོས་པ་ལས།    ཁ་ལོ་བའི་ཉེ་ས་ནས་སྡོད་མི་རུང་།     ད་དུང་རླངས་འཁོར་བསྐོར་དུས་ངེས་པར་དུ་བདེ་སྲུང་ཐག་པ་གྱོན་པའི་གོམས་གཤིས་དེ་འབོར་མི་རུང་།  

        གལ་ཏེ་ཐག་རིང་ལ་འགྲོ་མཁན་ཞིག་ཡིན་ན།   རླངས་འཁོར་གྱི་སྣུམ་སྒམ་ནང་དུ་སྣུམ་འདང་ངེས་ཤིག་ལྡུག་དགོས།    རབ་ཡིན་ན་འཁོར་ལོའི་ཐོག་ལ་ལྕགས་ཐག་བསྐོར་རྒྱུ་དང་མཁོ་གལ་ཆེ་བའི་ལག་ཆ་འཁྱེར་དགོས།    ལམ་རིང་ཐུང་ནས་ལམ་ངོས་ལ་ཆབ་རོམ་ཆགས་ནས་འགྱེད་སླ་བས་གཟབ་དགོས།    དེ་མིན་མཚམས་ལ་ལེར་ལམ་ངོས་ན་ཁུག་གྱོག་དང་རྡོ་ཕུང་སྤུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཡང་ཡོད་པས་གཏན་འཁེལ་བྱས་པའི་མགྱོགས་ཚད་ལས་བརྒལ་མི་རུང་།  ལམ་བར་ནས་གླུ་དབྱངས་ཀྱི་སྒྲ་གདངས་སོགས་ཚད་མཐུན་དུ་འཇོག་དགོས་པ་དང་དེ་ལས་འདས་ན།   རྗེས་ནས་ཡོང་བའི་རླངས་འཁོར་གྱི་དུང་སྒྲ་གོ་མི་གོ་ལ་བར་ཆད་ཐེབས་ཀྱང་སྲིད་ལ།   གཙོ་བོ་མཉམ་འཇོག་དགོས་ས་དེ་མདུན་གྱི་ལམ་ཡིན་དགོས།    དམིགས་སར་སླེབས་རྗེས་རླངས་འཁོར་གྱི་མེ་གཟུམ་ནས་སྒོ་དང་སྒེའུ་ཆུང་གཏན་རྒྱུ་ཡང་བརྗེད་མི་རུང་ལ།     དངོས་པོ་རྩ་ཆེན་ཡིན་ན་རླངས་འཁོར་ནང་དུ་མ་ཉར་ན་བཟང་།    ད་དུང་ཁ་པར་ནང་དུ་གློག་འདང་ངེས་ཤིག་གསོག་ནས་ཕན་ཚུན་ལ་བརྡ་གཏོང་ཐུབ་པར་ཁག་ཐེག་བྱས་ན་བཟང་།    རབ་ཡིན་ན་འགྲོ་འོང་བྱེད་དུས་ཀྱི་ཉིན་དེའི་སྔ་གཞུག་གི་གནམ་གཤིས་སྔོན་བརྡ་སོགས་ལ་མཉམ་བཞག་ཀྱང་ཕན་ཐོགས་ཆེ་བར་བསམ་པས་བདེ་འཇགས་རྒྱུན་ཤེས་འདི་དག་གིས་ཁྱེད་ཀྱི་འགྲོ་འོང་ལ་ཕན་ཅུང་ཟད་ཐོགས་པའི་སྨོན་འདུན་ཞུ།