ལོ་སར་ལེགས་སྐྱེས་གོ་རེ་རྒྱལ་པོ་བཤད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-08   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        གོ་རེ་རྒྱལ་པོ་ནི་ཨ་མདོའི་ལོ་སར་རོལ་སྐབས་ནང་མི་ཕན་ཚུན་མཇལ་འཕྲད་སྐབས་དང་རུ་ཁ་གཡས་གཡོན་བར་ལོ་ཉུལ་ལ་འགྲོ་དུས་འཁྱེར་རྒྱུའི་ལེགས་སྐྱེས་ཀྱི་གོ་རེ་རིགས་ཤིག་གི་མིང་ཡིན།  ལོ་སར་སྐབས་ལོ་ཉུལ་ལ་འགྲོ་མཁན་ཆེ་ཆུང་སུ་ཡིན་ཡང་གོ་རེ་རྒྱལ་པོ་ཞིག་གི་སྟེང་དུ་ལྷ་དར་དང་ཀ་ར་སོགས་རང་རང་ལ་འཛོམས་ཚད་ཀྱི་བཀྲ་ཤིས་པའི་དངོས་པོ་ཆུང་ཆུང་རེ་བཞག་སྟེ་ཁྱེར་འོང་བ་དེ་ཁྱིམ་ཚང་གང་ཞིག་ཏུ་ཐོན་ན་དེ་ཚང་གི་བཟའ་དཔོན་ནམ་ཡང་ན་ཁྱིམ་བདག་མ་སོགས་དགུང་ལོ་རྒན་གྲས་དེ་ལ།ཁྱེད་ཚང་གི་ལོ་སར་བཟང་  འདི་ཁྱེད་ཚང་གི་ལོ་རྒྱལ་ཡིན་ཞེས་ལག་ཏུ་བཞག་པ་ན།  ལོ་སར་བཟང་ཞེས་ལེན་མཁན་དེས་རེ་རེ་བཞིན་ལོ་ཉུལ་ལ་ཡོང་མཁན་དག་གི་ལོ་རྒྱལ་མ་ནོར་བ་བྱས་ནས་འཇོག་དགོས་ཤིང་།  དང་བོ་ལོ་སར་རྒྱལ་པོ་བརྗེ་བརྗེ་ཞེས་ལོ་རྒྱའི་གོ་རེ་རྒྱལ་པོ་དེའི་ཚབ་ཏུ་གོ་རེ་རྒྱལ་པོ་གསར་བ་རེ་བཞག་ནས་གོ་རེ་རྒྱལ་པོ་བརྗེ་བོ་རྒྱག་པ་ཡིན།རིམ་བཞིན་སྤྱི་ཚོགས་ལ་འགྱུར་བ་བྱུང་བ་དང་འཚོ་བར་འགྱུར་བ་བྱུང་བ་ནས་གོ་རེ་རྒྱལ་པོ་ཞིག་གི་སྟེང་ལ་བྲང་མགོ་དང་ཞུན་སོགས་འཇོག་པ་དང་།  དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་མ་སོགས་དཀར་ཡོལ་འཇོག་པ།  དེ་བཞིན་དུ་ཆང་དམ་གང་བཟང་འཇོག་པ་སོགས་བྱེད་ལ།རིམ་བཞིན་དུས་སྐབས་འདིར་ཆེད་བཟོས་ལེགས་སྐྱེས་དེང་སྐབས་ཤོག་སྒམ་དུ་གྲགས་པ་ཕྱི་ལ་རྒྱས་ཤོམ་ཆེ་ལ་ནང་དུ་དགོས་མེད་ཀྱི་དངོས་པོ་སྐོམ་ཆུ་སོགས་རྫུན་མ་དང་ཡང་ན་བེད་མེད་དམ་སྤྱོད་སྒོ་མེད་པའི་རིགས་སྣ་ཚོགས་ཤིག་དར་ཞིང་རིན་གོང་མཐོན་པོ་བྱས་ཏེ་བཙོང་བ་དར་བས་དེ་དག་ཁྱེར་ནས་ལོ་ཉུལ་བྱེད་པ་ཡིན།  འདི་དག་ནི་དེང་གི་ལོ་རྒྱའམ་ལོ་རྒྱལ་ཟེར་བའི་གོ་རེ་དེའི་ཚབ་ཡིན།

     སྤྱིར་གོ་རེ་རྒྱལ་པོའི་མཚོན་དོན་ནི་དུས་ནམ་ཞིག་ཏུ་དར་བ་དང་སྐབས་དེར་ཇི་ལྟར་དར་བ་སོགས་ཚོད་ཀྱིས་དཔག་དཀའ་ཞིང་ཡིག་ཚང་དག་ཏུའང་གསལ་བོར་མཐོང་རྒྱུ་མེད་ན་ཡང་ལོ་རབས་མང་བོ་ཞིག་གི་ཡར་སྔོན་ནས་བོད་ཀྱི་དམངས་ཁྲོད་དུ་རྒྱལ་པོ་གཡག་རྭ་ཞེས་པའི་རྩེད་མོ་རོལ་སྟངས་ཤིག་ཡོད་དེ། རྒྱལ་པོ་གཡག་རྭ་ནི་གཡག་རྭའི་དབྱིབས་ཀྱི་རི་མོ་ཞིག་ལ་ནང་དུ་རྒྱུ་ལམ་འགའ་ཞིག་བྲིས་ཤིང་རྒྱལ་པོ་མཚོན་བྱེད་ཀྱི་རྡེའུ་ཞིག་དང་འབངས་མཚོན་བྱེད་ཀྱི་རྡེའུ་གཉིས་བཞག་ནས་རྒྱལ་ཕམ་རྩེ་བ་ཡིན།གོ་རེ་རྒྱལ་པོ་བརྗེ་བརྗེ་ཟེར་བ་ནི་དུས་འདི་ནས་དར་བར་སྙམ་སྟེ། རྩེད་ཆས་དེའི་སྟེང་གི་མཚོན་དོན་ལས་འབངས་ནི་རྒྱལ་པོ་ཚབ་ཏུ་བསྐོ་བཞག་བྱེད་ཆོག་པའི་བོད་རང་གི་གུ་ཡངས་པའི་བསམ་བློ་དང་སྐབས་དེ་ཤད་དུ་བོད་ཀྱིས་རྒྱལ་རྒྱུད་དེ་བུ་རྒྱུད་རང་ལུགས་འཛིན་པ་ཁོ་ན་མིན་པར་སུ་ཞིག་ལ་བློ་གྲོས་དང་ལྡན་ན་དེས་རྒྱལ་ས་བསྐྱངས་ཆོག་པའི་རྟགས་མཚོན་བླ་མེད་ཤིག་ཀྱང་ཡིན་སྙམ།དེ་ནས་རིམ་བཞིན་དམངས་ཁྲོད་དུ་འབངས་མི་རྣམས་ཀྱིས་རང་རང་གིས་བཀྲ་ཤིས་པའི་གནམ་ལོ་གསར་ཚེས་ལ་རང་ཉིད་རྒྱལ་པོར་འདུག་པའི་རྟེན་འབྲེལ་བསྒྲིག་པ་དང་སྨོན་ལམ་འདེབས་པའི་ཚབ་ཏུ་གོ་རེ་རྒྱལ་པོ་བརྗེ་བརྗེ་ཞེས་ཁ་གཡང་བསྒྲགས་པའི་སྲོལ་འདི་དམངས་ཁྲོད་གང་སར་དར་བར་སྙམ།

    ལོ་སར་ལེགས་སྐྱེས་འདིའི་སྟེང་དུ་རྒྱལ་པོ་མཚོན་དོན་ལ་གོ་རེ་དབྱིབས་ཀྱི་ཕོ་བ་ཆེ་བ་དེས་རྒྱལ་པོར་བསོད་ནམས་ཆེ་བ་མཚོན་པ་དང་མགོ་མཇུག་གཉིས་སུ་འབངས་མཚོན་བྱེད་དུ་དེ་ལས་ཆུང་བ་གཉིས་བཞག  དེའི་སྟེང་དུ་རི་མོའི་དྲ་བས་སྦྲེལ་བ་དེ་ནི་རྒྱལ་བོ་གཡག་རྭའི་སྟེང་གི་རྒྱུ་ལམ་མཚོན་བྱེད་ཡིན།འདི་ལ་ཡུལ་ལུང་སོ་སོར་གོ་རེ་རྒྱལ་པོའི་བཟོ་སྟངས་སམ་བཟོ་དབྱིབས་ལ་ཅུང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡང་སྤྱིའི་རྣམ་པ་ཕལ་ཆེར་འདྲ་བོ་ཡོད།ལོ་སར་མ་གཏོགས་གོ་རེ་རྒྱལ་པོ་བཟོ་བའི་སྐབས་ཧ་ཅང་ཉུང་ལ་ལོ་སར་སྐབས་ཁྱིམ་ཚང་དག་གིས་ཁྱིམ་མིའི་ཁ་གྲངས་ལྟར་མི་རེར་གོ་རེ་རྒྱལ་བོ་རེ་བཟོ་བར་མ་ཟད།སྡེར་ཁའི་མགོ་དང་མཆོད་མདུན་དང་ལྷ་བསང་གཏོང་སྐབས་བསང་རྫས་ཀྱི་ནང་དུ་ཡང་གོ་རེ་རྒྱལ་བོ་ཞིག་བཟོས་ནས་བསང་ལ་གཏོང་བ་ཡིན།  ཡུལ་ལུང་འགའ་རེར་དེང་སྐབས་ཡང་གོ་རེ་རྒྱལ་པོ་བཟོ་བའི་སྲོལ་དང་། བསང་རྫས་ནང་དུ་གོ་རེ་རྒྱལ་པོ་བཟོ་བའི་སྲོལ་ད་དུང་མ་ཉམས་པར་ཡོད་ཀྱང་ལོ་སར་ལེགས་སྐྱེས་སུ་འཁྱེར་བའི་སྲོལ་ཉམས་ཚར་ཡོད  །ལྷག་པར་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བ་ནས་བཟུང་རིམ་བཞིན་སྲོལ་འདི་ཉམས་ནས་གོ་རེ་རྒྱལ་པོ་ཟེར་བ་མིང་གི་ལྷག་མ་ཙམ་དུ་གྱུར་འདུག   སྤྱིར་འདི་ལྟ་བུའི་སྲོལ་ནི་གཅིག་ནས་རྩེད་མོའི་རྣམ་པར་འབྲེལ་བ་དང་གཉིས་ནས་ལོ་སར་ཞེས་པ་ནི་ང་ཚོའི་དམངས་ཁྲོད་དུ་ནང་མི་ཤ་ཉེ་རིང་གང་ཡིན་ཡང་ལྷན་འཛོམས་ཧ་ཅང་ཉུང་བའི་རྐྱེན་གྱིས་ལྷན་འཛོམས་ཀྱི་གོ་སྐབས་སྒྲིག་པའི་དུས་ཆེན་ཤིག་ཏུ་ངེས་འཛིན་བྱས་ཏེ་རོལ་བ་ལས་ནང་མི་ཕན་ཚུན་བར་རྒྱུ་སྟོབས་ངོམ་རེ་བྱེད་པ་ལྟ་བུར་བསྒྱུར་ན་དུས་ཆེན་གྱི་ངོ་བོ་མ་ཤེས་པ་ཡིན་པ་མ་ཟད།  ཁོར་ཡུག་དང་གནས་བབས་འཚོ་བ་རོལ་སྟངས་སོགས་ལ་གླེན་ཤས་ཅུང་ཆེ་བས་ན་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བ་གཙོ་ལ་ལྷག་པར་འདི་ལྟ་བུའི་ལོ་སར་རོལ་སྟངས་ཡག་པོ་དག་ནི་མ་ཉམས་ན་ཧ་ཅང་ལེགས་ཆ་ཆེ།  དེ་ལས་ལྡོག་སྟེ་དེང་སྐབས་འགའ་ཤས་ཀྱིས་ཆ་རྐྱེན་ཅུང་འཛོམས་པ་རྒྱུ་རྐྱེན་དུ་བྱས་ནས་རང་གི་ལག་གི་འབྱོར་བ་གང་ཡོད་ས་གཏོར་གནམ་གཏོར་བྱས་ནས་ལོ་སར་རྗེས་སུ་ལག་པ་སྟོང་བར་གཏོང་བ་མང་།  ལག་པ་སྟོང་བས་དོན་ཆེན་གང་ཡང་སྒྲུབ་མི་ནུས་པར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེ་སྙམ་སྟེ།  དེ་ནི་ང་ཚོར་དཔལ་འབྱོར་བསྒྲུབ་པའི་བསམ་བློའི་རྨང་གཞི་མེད་པ་དང་། དཔལ་འབྱོར་གོང་འཕེལ་མེད་པའི་རྒྱུ་རྐྱེན་ཡང་དེ་ཡིན།རྒྱུ་རྐྱེན་འདི་དག་ལ་དམིགས་ནས་ང་ཚོའི་མེས་པོ་གོང་མ་དག་གི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཏེ་སྔར་བཞིན་གོ་རེ་རྒྱལ་པོ་ལེགས་སྐྱེས་སུ་འཁྱེར་བའི་སྲོལ་འདིར་གཅེས་པར་གྱིས་ཤིག