བོད་ཀྱི་ལོ་སར་གྱི་བྱུང་འཕེལ།

རྩོམ་པ་པོ།   དུས་ཚོད།   2019-02-06   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

 

    གནམ་ལོ་གསར་བཞད་ཀྱི་དགྱེས་སྟོན་ནི་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་༼སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ལྷག་ཙམ་གྱི་གོང་༽གྱི་དུས་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་། ཟླ་ཚེས་རྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་ཏེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲལ་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་དེ་ནས་བཟུང་བོད་ཀྱི་ལོ་སར་ཐོག་མ་གཏོང་འགོ་ཚུགས་པ་རེད།

    བོད་ཟླ་དང་པོ་དེ་ཧོར་ཟླ་དང་པོར་བསྒྱུར་ཚུལ་ནི། དུས་རབས་བཅུ་གསུམ་པའི་ནང་ཧོར་གོང་མ་ཇིང་གུར་རྒྱལ་པོས་བོད་ཀྱི་རྒྱལ་ཕྲན་སིལ་བུ་རྣམས་སྦྲགས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆེས་མཐོའི་འགན་དབང་ཡོད་ཚད་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ནས་རྒྱ་བོད་མི་རིགས་བར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་། ཆོས་ལུགས་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་སྐབས་རྒྱ་ནག་གི་ཧང་ལེ་ཟླ་བ་དང་པོ་དང་། བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཁྱབ་ཆེ་ཤོས་ཀྱི་བོད་ཀྱི་ལོ་སར་གཏོང་སྲོལ་དེ་ཆགས་པ་རེད། འོན་ཀྱང་ཆ་ཤས་ཀྱི་ངོས་ནས་བརྗོད་ན་བོད་དུ་ལོ་སར་གཏོང་སྲོལ་ཐད་ཡུལ་སྡེ་སོ་སོའི་ཆོས་ལུགས་ཀྱི་གྲུབ་མཐའ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་སོ་སོའི་ཁྱད་ཆོས་ཀྱི་ལོ་གསར་ཡང་གཏོང་སྲོལ་ཡོད་པ་དཔེར་ན། ཀོང་པོ་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་སར་གཏོང་བ་དང་། སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་ལ་བོད་ཟླ་བཅུ་གཅིག་ལ་ལོ་སར་གཏོང་བ། ད་དུང་རྒྱལ་རོང་ཕྱོགས་ཀྱི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཉག་རོང་ཕྱོགས་ཀྱི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་། ལྷན་དུ་བོད་ཀྱི་བེའུ་ལུག་ལོ་སར་གཏོང་སྲོལ་ཆགས། 

      ཚེས་གཅིག་གི་ཞོགས་པ་སྔ་ལངས་ཀྱིས་རྒྱན་གོས་གཟབ་མཆོར་གྱིས་བརྒྱན་ཏེ་སྔོན་ལ་ཆུ་ཕུད་ལེན་པ་དང་། བསང་གཏོང་བ། གཙུག་ལག་ཁང་སོགས་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་མཇལ་ཞུ་བ། རང་ཁྱིམ་དུ་གསོལ་ཇ་འབྲུ་དང་། གྲོ་འབྲས། ཕྱེ་མར། ཆང་ཕུད། གྲོ་ཐུག ཆང་སྐོལ། དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་ཟས་བཟང་ལ་ཅི་འདོད་ལྟར་ལོངས་སུ་སྤྱོད་པ་དང་། ཞི་དུལ་འཛུམ་མདངས་ཀྱི་རྣམ་འགྱུར་བཅངས་ཏེ་གྲོང་ཁྱིམ་ཕན་ཚུན་མགྲོན་འབོད་དང་སྣེ་ལེན་བྱེད་བཞིན་ཡོད། གཏམ་གྱི་དང་པོར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་བག་དྲོ་སྐུ་ཁམས་བཟང་ཞེས་ཤིས་ཚིག་བརྗོད་པ་དང་སྦྲགས་ཕྱེ་མར་དང་། ཆང་ཕུད་བཏེགས་ཏེ་དེ་ཉིན་རང་ཁྱིམ་སོ་སོར་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་ཁ་རྩོད་རྒྱག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་གཏམ་གསུམ་གང་ཅིར་འཛེམས་ཆ་བྱེད་པ་བཅས་ཀྱི་སྲོལ་བཟང་དེ་དག་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རང་རེ་བོད་མི་རིགས་འདི་བཞིན་བློ་གྲོས་དང་། ཤེས་རབ། ཞི་དུལ། སྤྱོད་བཟང་བཅས་ལྡན་པའི་མི་རིགས་ཤིག་ཡིན་པ་གོང་གསལ་གྱི་གོམས་སྲོལ་ལས་མཚོན་ཡོད། །