དབུ་ཤོག >> བོད་ཁུལ་གསར་འགྱུར།
བོད་པའི་ཐུན་མིན་གྱི་དགུ་ཐུག་རིག་གནས།
རྩོམ་པ་པོ། དུས་ཚོད། 2019-02-06 རྩོམ་ཁུངས།

  བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་གྱི་དགོང་མོ་བོད་ཁུལ་མང་ཆེ་བར་ཁྱིམ་ཚང་ཚང་མས་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང༌། དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག དེ་ལ་ཆང་བུ་དང༌། ཇ་རོ། སྦང་མ་སོགས་གླུད་རྫས། སོག་མའི་ཀུ་རུ་ཁ(རྒྱ་གྲམ)དགུ་བཅོས། ཐུག་པ་བསྐོལ་སྐབས་གྲོ་ནས་སྲན་བཙོས་སོགས་བཟས་སྣ་དགུ་བཏབ་(དགུ་རྫས་ཟེར)གྲོ་ཞིབ་ལ་ཉི་ཟླ་དང༌། ཆོས་པོ་ཏི། ཟེ་མ་ར་སོགས་ཀྱི་དབྱིབས་བཅོས་པ། ཟན་གྱི་ནང་སོལ་བ་དང༌། དཀར་ཡོལ། སི་པན་སོགས་བཏུམས་ནས་ཐུག་པ་འཐུང་སྐབས་དེ་དག་གང་ཞིག་དོན་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར། མུན་རུབ་སྐབས་ནང་མི་ཞིག་གིས་སོག་མ་ཆག་པ་རིང་པོ་ཞིག་ལ་མེ་སྤར་ཏེ་མར་དོན་ཤོག མར་དོན་ཤོག་ཅེས་འབོད་བཞིན་ཁང་མིག་ཚང་མའི་སྒོ་འཛུལ་ཙམ་བྱས་རྗེས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོག་སྦག་སྤར་བཞིན་ལམ་གསུམ་མདོར་སྐྱེལ་གྱི་ཡོད། 
      དེ་ཡང་ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས་ཉི་ཤུ་དགུ་ཉིན། ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས། གླུད་རྫོང་བྱེད་པའི་ཡུལ་སྲོལ་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་འབོད། དེའི་རྩ་བའི་དམིགས་ཡུལ་ནི་ལོ་རྙིང་པ་དེའི་ནང་གི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་ཆེད་གླུད་རྫོང་བ་དང༌། གདོན་འདྲེ་ཕྱིར་འབུད་བྱེད་པ། ཟས་རིགས་སྣ་ཁ་དགུ་ཡོད་པའི་བག་ཐུག་འཐུང་བ་བཅས་བྱེད་སྲོལ་ཡོད། ཞིབ་ཕྲའི་བྱེད་སྒོ་སྤེལ་ཚུལ་ནི་དེ་ཉིན་བྱ་བ་གཞན་བཞག་ནས། ཁང་ཆེན་རེ་རེ་བཞིན་གད་བདར་གཙང་སྦྲ་ཞིབ་ཚགས་བྱེད་པ་དང༌། ལྷག་པར་དུ་ཐབ་ཚང་ལ་ལོ་གཅིག་རིང་ཆགས་པའི་དུ་དྲེག་རྣམས་གཙང་མར་ཕྱག་གི་ཡོད། དེ་ནས་དགུང་དྲོ་ ཁྱིམ་ཚང་ཚང་མས་དུས་སྟོན་དེའི་མིང་དང་མཐུན་པའི་ཐུག་པ་བག་ཐུག་སྐོལ་གྱི་ཡོད། དེ་ཡང་རྒྱུན་གཏན་དང་མི་འདྲ་བ་སྟེ། མི་སོ་སོའི་བསམ་པ་དང་སྤྱོད་ཚུལ་བཟང་ངན་མཚོན་བྱེད་དུ་གྲོ་བྱེ་ཡིས་ཉི་ཟླ་སོགས་ཀྱི་གཟུགས་དབྱིབས་མི་འདྲ་ཁག་ཅིག་བཟོ་བ་དང༌། བག་ཚ་གཞན་ལས་ཅུང་ཆེ་ཙམ་བྱེད་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཟོས་ནས། མི་སོ་སོའི་ཕོར་པའི་ནང་ཁ་ཐུག་གང་འཁེལ་བླུགས་པ་དེས་བསམ་པ་དང་སྤྱོད་ཚུལ་བཟང་ངན་བརྟག་པ་བྱེད་ཀྱི་ཡོད། དཔེར་ན་ཉི་ཟླ་ཁེལ་ན་གཟི་བརྗིད་དང་སྙན་གྲགས་ལྡན་པ་མཚོན། གདན་ཆུང་གྲུ་བཞི་ཁེལ་ན་དལ་དལ་ལྷོད་ལྷོད་ཡོང་བ་མཚོན། བལ་དཀར་པོ་ཁེལ་ན་བློ་སྣ་རིང་ཞིང་གཤིས་བཟང་བ་མཚོན། དཀར་ཡོལ་ཁེལ་ན་ལྟོ་ལ་དགའ་ཞིང༌། ལས་ལ་གཡོལ་བ་མཚོན་པ་ལྟ་བུ་དེ་ལྟར་གྱི་དཔེ་མང་པོ་ཡོད་པས་རེ་རེ་བཞིན་ཞུ་ཡི་མིན། དགུ་ཐུག་ནི་ནམ་རྒྱུན་གྱི་བག་ཐག་དང་མི་འདྲ་བའི་ཁྱད་ཆོས་ཞིག་ཡོད་པ་ནི་ཐུག་པའི་ནང་ཤ་དང༌། ལ་ཕུག ཕྱུར་བ་སོགས་ཟས་རིགས་སྣ་ཁ་དགུ་འཛོམས་དགོས་པ་རེད།
        གཞན་ཡང་རྫ་ཁོག་ཆག་པོའམ་ལྕག་ཁོག་སོགས་གང་རུང་ཞིག་གི་ནང་རྗེན་ཟན་ལས་བཟོས་པའི་མི་གཟུགས་ངར་གླུད་བཅས་མཐའ་བསྐོར་དུ་ཇ་རོ་དང་སྦང་མ་སོགས་ཟས་ཀྱི་རྙིགས་རོ། ཁྱིམ་ནང་དུ་གད་ཕྱིས་བྱས་པའི་གད་སྙིགས་ཕྲན་བུ་བཏབ་ཁར། ནང་མི་རྒན་གཞོན་ཚང་མས་ལག་གཉིས་སུ་ཟན་གྱི་ཆང་བུ་རེ་བཟུང་སྟེ་སོ་སོའི་སྤྱི་གཙུག་ནས་རྐང་པའི་བར་ལ་དྲིལ་ཕྱིས་བྱེད་བཞིན་དུ་ཁ་ནས་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུ་ལ་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུད་ཁྱོད་ཀྱིས་ཁྱེར་ལ་ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོངས་ཤིག་ཟེར་བ་སོགས་བརྗོད་མཐར། ལག་གཉིས་སོ་སོར་ཆང་བུ་དམ་པོར་བསྡམས་ནས་ལག་རྗེས་བཞག་པ་དེ་ལ་མཆིལ་མ་བཏབ་སྟེ་ངར་གླུད་ཀྱི་མཐའ་སྐོར་དུ་འཇོག་པ་སོགས་བྱེད་པ་ཡིན། ས་རུབ་པ་དང་ནང་མི་གཞོན་གྲས་ཚོས་སོག་མར་མེ་སྤར་ཏེ་ཁང་མིག་ཚང་མའི་ནང་ཞིབ་གཤེར་གྱིས་མར་ཐོན་ཤོག་ཟེར་བའི་ང་རོ་དྲག་པོ་སྒྲོག་བཞིན་གླུད་ཕྱིར་རྫོང་གི་ཡོད།