དགུན་ཁ།

རྩོམ་པ་པོ།   དུས་ཚོད།   2019-01-30   རྩོམ་ཁུངས།   


    དུས་ཀྱི་འཁོར་ལོའི་འགྱུར་བག་དང་བསྡོངས་ནས་དགུན་གྱི་རྒྱལ་མོ་ངང་གིས་བསླེབས།  གྲང་རེག་གི་ངར་ཁ་བཙན་པོས་ནོར་འཛིན་མ་འཁྱགས་པས་བསྡམས་ཤིང་དལ་འགྲོ་རིང་མོའི་བཞུར་སྒྲའང་རིམ་གྱིས་ཡལ་ཏེ་གྲང་ལྷགས་ཀྱི་དགུན་ཟླ་རིང་མོ་བསླེབས་བྱུང་།

    འོན་ཀྱང་། དགུན་ཁ་སླེབས་ཐེངས་རེར་ཁ་ལ་ཡུག་དང་འདབ་ཆགས།  སྲོག་ཆགས་ཁྱུ་ཞིག་གི་སེམས་པ་དྲོད་འཇམ་ལྡན་པའི་ལྷོ་ཕྱོགས་སུ་འཁྲེང་ཡོད་ལ་ལྗོན་ཤིང་ཐམས་ཅད་ཀྱི་སྡོང་ལོ་ཐར་ཐོར་དུ་ས་ལ་ལྷུང་སྟེ་ལྗོན་ཤིང་ཚོགས་ཀྱི་རང་མདངས་ཉམས་ནས་རྒས་འཁོགས་བཞིན་དུ་གྱོང་ཞིང་ཐུར་ལ་གུག་པ་མ་ཟད་འདབ་ཆགས་བྱ་ཡི་གཤོག་རྩ་འདར་ནས་མགྲིན་འགྱུར་སྙན་མོའི་ངག་སྒོ་བཅད་དེ་ཁོར་ཡུག་ཐམས་ཅད་ལ་སུན་སྣང་ཁོ་ན་བསྐྱལ། དགུན་ཁར་སླེབས་ཙ་ན་ནམ་ཟླ་ཇེ་འཁྱགས་སུ་སོང་སྟེ།  དགུན་ཁའི་གྲང་རེག་བཙན་པོས་ས་གཞིའི་ཡུལ་ལྗོངས་དལ་གྱིས་བཅོམ་ན་ཡུལ་ལྗོངས་སྐྱ་བོས་ཀྱང་མིག་ཆུ་འདོན་སྲིད།  དགུན་མགོ་ཚུགས་མ་ཐག་གྲང་རླུང་གིས་ངར་སྐད་འབྱིན་བཞིན་ས་གཞི་ཐམས་ཅད་འཁྱགས་པས་བསྡམས་ལ་ནངས་སྔ་མོར་ས་གཞི་ལ་སད་ཀྱང་འཇོག་སྲིད་པ་མ་ཟད་གཙང་ཆུ་ཐམས་ཅད་ཀྱང་འཁྱགས་པས་མནར་ནས་སྲ་ཞིང་མཁྲེགས་པའི་ཆབ་རོམ་ཆགས།  རིམ་གྱིས་དགུན་ཟླ་བཅུ་བ་སླེབས་པ་ན་བཀྲ་ཤིས་ཁ་བ་དཀར་བོས་ལྡེམ་ལྡེམ་གར་གྱི་སྟངས་སྟབས་བསྒྱུར་བཞིན་བབས་བྱུང་།  ཁོ་ཚོས་དབྱིག་འཛིན་མའི་སྐུ་ལ་དག་གཙང་གི་གོས་བཟང་བཀླུབས་ཤིང་ས་འཛིན་སྒེག་མོར་སྔར་མེད་ཀྱི་གཟི་བྱིན་དང་གསོན་ཤུགས་བསྩལ།

    དུས་ཀྱི་རླུང་བའི་རྒྱུ་ཕྱོགས་དང་བསྟུན་ནས་ཁ་བའི་འདབ་མ་རེ་རེ་སློབ་གླིང་གི་སྐྱེད་ཚལ་འདི་རུ་ཐོན་ཙ་ན་སློབ་གླིང་ནི་ཁ་བའི་འཇིག་རྟེན་ཞིག་ཏུ་གྲུབ་ཅིང་།  སྤྲོ་སྐྱིད་ཀྱི་འཇིག་རྟེན་འདི་རུ་སློབ་མའི་ཚོགས་ཀྱིས་སློབ་ཚན་གྱེར་དབྱངས་དང་ཁ་བའི་ཁྲོད་ཀྱི་རྐང་བའི་ཐྲིག་ཐྲིག་གི་སྒྲ་གཉིས་གཞི་གཅིག་ཏུ་འདྲེས་ནས་སྙན་འཇེབས་རོལ་དབྱངས་ཤིག་གི་ཟླ་བོར་གྲུབ།  རོལ་དབྱངས་དེས་ང་ཚོ་ལ་འོད་ཟེར་གྱི་ལམ་ཆེན་རེ་བས་ཁེངས་ཏེ་མདུན་ནས་མདུན་དུ་བསྐྱོད་དགོས་པར་བསྐུལ་བ་དང་མཚུངས་ལ།  འཕུར་སྐྱོད་ཀྱི་ཁ་བའི་འདབ་མ་རེ་རེས་ང་ཚོ་ལ་རེ་སྨོན་དང་ཡིད་ཆེས་སེམས་སུ་ཉར་ནས་འོད་སྟོང་གི་མདུན་ལྗོངས་དེའི་ཆེད་དུ་ཅིས་ཀྱང་བརྩོན་དགོས་པར་སྐུལ་བ་དང་ཡང་གཉིས་སུ་མེད།

    དགུན་ཁའི་ཁ་བ་དཀར་བོ་བབས་པ་དེས་མི་མང་བོ་ཞིག་གི་སེམས་ཀྱི་ཞིང་ས་བརླན་པར་བྱས།  ཀྱེ་ཀྱེ་ཁ་བ་དཀར་བོ།  འདས་མ་འོངས་ད་ལྟ་གང་ཡིན་རུང་ཁྱེད་རང་སླར་ཡང་ངའི་མཁའ་དབྱིངས་ནས་བབས་ཏེ་ངའི་སེམས་ཀྱི་ཞིང་ས་བརླན་པར་སྨོན།