དབུ་ཤོག >> ཡུལ་སྲོལ་གོམས་གཤིས།
རྒྱལ་ཐང་བའི་ཆུ་རྩམ་སྐོར།
རྩོམ་པ་པོ། ཚེ་སྒྲོལ། དུས་ཚོད། 2019-01-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

       རྩམ་པ་ནི་བོད་རིགས་མང་ཚོགས་དག་གི་འཚོ་བར་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་ལ། རྩམ་པའི་བཟོ་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་དང་གཙོ་བོ་ནི་ནས་དང་མ་རྨོས་ལོ་ཏོག་གི་རྩམ་པ་མཐོང་རྒྱུ་མང་། འདིར་བྲིས་པའི་ཆུ་རྩམ་ཟེར་བ་ནི་ནས་རྩམ་གྱི་རིགས་ཤིག་ཡིན་ལ།  དེའི་བཟོ་སྟངས་དུས་རྒྱུན་གྱི་ཆུ་རྩམ་ཕལ་པའི་བཟོ་སྟངས་དང་ཅུང་མི་འདྲ་བས་མིང་ཡང་མི་འདྲ་བ་རེད། དེ་ཡང་ཆུ་རྩམ་གྱི་བཟོ་སྟངས་གང་འདྲ་ཡིན་ཞེ་ན།  དང་པོར་ནས་དེ་ཆུ་ནང་དུས་ཚོད་ངེས་ཅན་ཞིག་བཙོས་དགོས་པ་དང་། དེ་ནས་ཆུ་བཙགས་རྗེས་སྣོད་གང་རུང་ཞིག་ཏུ་ཞག་གཉིས་གསུམ་བསྙལ་དགོས། དེའི་རྗེས་སུ་ཉི་མ་འོག་སྐེམ་སྟེ་ནས་བརྗེན་པ་ལྟར་སྐམ་པོར་བཟོ་དགོས། སྐམ་རྗེས་ཀྱི་ནས་དེ་སླ་ངའི་ནང་ཡར་བརྔོ་དགོས་པ་དང་དེའི་རྗེས་སུ་ཕྱེ་འཐག་ན་ཆུ་རྩམ་དེ་ཆགས་པ་རེད།

        ཆུང་དུས་སུ་ཆུ་རྩམ་སྐོར་བག་ཆགས་ཆེས་ཟབ་པ་ནི་ཆ་རྐྱེན་ཡག་པོ་མེད་པའི་དབང་གིས་ཨ་མས་ཨ་མྱེ་ལ་ཆུ་རྩམ་ཉུང་ཉུང་ཞིག་བཟོ་སྟེར་ནས་ཨ་མྱེ་ཁོ་ནས་བཟའ་བ་ལས་ཁྱིམ་ནང་གི་ན་གཞོན་སོགས་ཀྱི་ཟ་ཐུབ་རྒྱུ་མེད།  ད་ལྟར་ཁྱིམ་ནང་གི་མི་སུ་ཡིན་ནའང་རང་རང་ཟ་འདོད་ན་ཆུ་རྩམ་བཟོས་ནས་ཟ་ཆོག  དེ་ཡང་ང་ཚོ་དུས་རྒྱུན་རྩམ་པ་མང་པོ་མི་ཟ་བའང་ཡང་ན་ཟ་མི་དགའ་བའི་མི་ཡིན་ན་ཆུ་རྩམ་གྱི་བྲོ་བ་དེ་ཞིམ་པོ་མི་འདུག་བསམ་ལ།  ཐ་ན་བྲོ་བ་དེ་མི་དགའ་བའང་ཡོད་རྒྱུ་རེད།  འོན་ཀྱང་དུས་རྒྱུན་རྩམ་པ་བཟའ་རྒྱུ་དགའ་བའི་མི་ལ་མཚོན་ན་ཆུ་རྩམ་ལ་རྩམ་པ་ཕལ་པ་ལས་དེ་བས་ཞིམ་པོའི་བྲོ་བ་ཁྱད་པར་ཅན་ཞིག་ལྡན་པ་དེ་ང་ཚོས་ཆུ་གཞན་པ་ལས་གངས་ཆུ་དེ་བས་ཞིམ་པོ་འདུག་བསམ་པ་དང་ཕལ་ཆེར་འདྲ་འདྲ་ཡིན། དེའི་ཕྱིར་ཁོང་རྣམས་ཀྱིས་རྩམ་པ་གཞན་ལས་ཆུ་རྩམ་དེ་བས་བཟའ་དགའ་བ་རེད།