གཙང་སྦྲ་མེད་ན་བདེ་ཐང་མེད།

རྩོམ་པ་པོ།   དུས་ཚོད།   2019-01-24   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        མི་སུ་ཡིན་ཡང་གཙང་སྦྲར་དོ་སྣང་བྱེད་པ་ནི་རང་ལུས་ཀྱི་འཕྲོད་བསྟེན་ལ་ཕན་ནུས་ཆེ་བར་མ་ཟད་མིའི་ཀུན་སྤྱོད་ཀྱི་ལྷུ་ལག་ཉག་གཅིག་ཏུ་བཟུང་ཀྱང་ཆོག ཁོར་ཡུག་གཙང་སྦྲ་དང་སྡོད་ཁང་གཙང་སྦྲ། ལྷག་ཏུ་རང་གི་ཟས་གོས་དང་ལུས་པོ་སོགས་ལ་གཙང་སྦྲ་ལེགས་པོ་བྱེད་པ་ནི་རང་ཉིད་བདེ་ཐང་ཡོང་བའི་རྒྱུ་རྐྱེན་གཙོ་བོར་ཆགས་ཡོད། དེས་ན་རྒྱུན་པར་མ་མཐའ་ཡང་གཙང་སྦྲའི་སྔོན་དུ་རྒྱུན་ཤེས་འདི་དག་ཤེས་དགོས་སྟེ།

        གཅིག ཁ་ལག་བཀྲུ་སྐབས་ཀྱི་ཤེས་བྱ།

        ༡ ཁ་ལག་ཉིན་གཅིག་ལ་ཐེངས་གཉིས་བཀྲུ་དགོས། ཞོགས་པ་དང་དགོང་མོ་ཡིན།

        ༢ རང་ལ་འཚམ་པའི་སོ་སྨན་གྱི་བྲོ་བ་དང་ཁ་དོག་ནུས་པ་སོགས་མི་འདྲ་ནའང་། ངེས་པར་དུ་ཤེས་དགོས་པ་ནི། སོ་སྨན་དུས་ལས་ཡོལ་བ་སྤྱད་པ་དང་། ཟླ་གསུམ་ལྷག་ལ་སྣ་གཅིག་བཀོལ་བ་སོགས་བྱེད་མི་རུང་། རྒྱུན་པར་སོ་སྨན་གྱི་རྟགས་དང་བྲོ་བ་སོགས་མི་འདྲ་བར་བརྗེས་ནས་སྤྱོད་དགོས།

        ༣ སོ་བཀྲུ་སྐབས་སོ་ཕྱིས་ཀྱིས་སོ་ཡི་ངོས་གཙང་མར་བཀྲུ་བ་དང་། སྐར་མ་གསུམ་ནས་ལྔ་བར་ཡིན། ད་དུང་སོ་ཕྱིས་ཧ་ཅང་རྩུབ་མོའི་རིགས་བཀོལ་མི་རུང་ལ། སོ་ཕྱིས་ཟླ་གཉིས་དང་གསུམ་ལས་བཀོལ་མི་རུང་།

        ༤ དེ་བཞིན་ལག་ཕྱིས་ཀྱང་ཡུན་རིང་བཀོལ་མི་རུང་ལ། ངོ་འཁྲུད་ཆས་སོགས་ཀྱང་དེ་བཞིན་ཡུན་རིང་མི་བཀོལ་བ་དང་རྟགས་སོགས་བརྗེས་ནས་སྤྱད་ན་བཟང་།

        ༥ སྤྱིར་ཁ་ལག་བཀྲུ་བྱེད་ཀྱི་ཡོ་བྱད་གང་ཡིན་རུང་སྒེར་སྤྱོད་བྱས་ན་ཧ་ཅང་ལེགས། ལྷག་པར་ཏུ་སོ་ཕྱིས་དང་ལག་ཕྱིས། བཀྲུ་གཞོང་གསུམ་ནི་ངེས་པར་དུ་རང་གིས་སྒེར་སྤྱོད་བྱེད་དགོས། གལ་ཏེ་མི་འགའ་ཞིག་དང་ལྷན་དུ་སྤྱད་ན་ཕན་ཚུན་ལ་འགོས་ནད་སྣ་ཚོགས་འབྱུང་སྲིད་པས་ངེས་པར་དུ་འདི་དག་རང་གཅིག་པུས་སྤྱད་དགོས།

        གཉིས། གོན་པ་གྱོན་སྐབས་ཀྱི་ཤེས་བྱ།

        ༡ ནང་གོས་གསར་བ་ཡིན་རུང་ཐོག་མར་བཀྲུས་ནས་སྤྱད་དགོས། ནང་གོས་དང་རྐང་ཤུབས་མ་མཐའ་ཡང་ཉིན་གསུམ་ནས་བརྗེ་དགོས། གྲོང་ཁྱེར་དག་ན་མང་ཆེ་བས་ཉིན་ལྟར་ནང་གོས་དང་རྐང་ཤུབས་བརྗེ་བཞིན་ཡོད། ལྷག་ཏུ་བུད་མེད་ཀྱིས་ངེས་པར་དུ་ནང་གོས་ཉིན་བཞིན་མ་བརྗེས་ན་མོ་ནད་འབྱུང་བར་ཉེན་ཁ་ཧ་ཅང་ཆེ།

        ༢ གྱོན་པ་འཁྲུད་སྐབས་ནང་གོས་དང་ཕྱི་གོས། ལྷམ་གསུམ་མཉམ་དུ་བཀྲུ་མི་རུང་བ་དང་། གཞན་གྱི་གྱོན་པ་དང་མཉམ་དུའང་བཀྲུ་མི་རུང་།

        ༣ དབྱར་དུས་གོན་པ་མང་ཙམ་བརྗེ་རྒྱུ་དང་དགུན་དུས་ཉུང་ཙམ་བརྗེས་ན་ཆོག གྲོང་ཁྱེར་དག་ན་རྒྱུན་ལྡན་གྱི་མིས་གཟའ་འཁོར་གཅིག་ལ་ཕར་ཆེར་ནང་གོས་གསུམ་ནས་བདུན་བར་དང་། ཕྱི་གོས་གསུམ་ནས་གཉིས་བར་བརྗེ་རེས་བྱེད་པའི་གོམས་གཤིས་རྒྱུན་ལྡན་དུ་ཆགས་ཡོད།