དབུ་ཤོག >> ས་གནས་གསར་འགྱུར།
ལས་ལ་བརྩོན་པའི་ཟོག་རབ་པ།
རྩོམ་པ་པོ། དུས་ཚོད། 2019-01-21 རྩོམ་ཁུངས།


      ཟོག་རབ་གྲོང་མི་ཚོ་ཆུང་ནི་འཇོལ་རྫོང་གཡང་རྭ་ཤང་འབུམ་སྟེང་གྲོང་ཚོར་ཆགས་ཡོད།  གྲོང་ཚོ་དེའི་ཡངས་ཤིང་རྒྱ་ཆེ་བའི་སྲ་འགྱུར་གཞུང་ལམ་གྱི་གཡས་གཡོན་དུ་སྐྱུ་རུའི་སྣུམ་སྡོང་གིས་ཡོངས་སུ་བཀང་ཡོད་པ་དང་།  ལམ་སྟོད་དུ་ཟོག་རབ་གྲོང་ཚོས་ཁྱེད་རང་ཕེབས་པར་དགའ་བསུ་ཞུ་ཞེས་པའི་སྒོ་ཆེན་ཞིག་བསྐྲུན་ཡོད།   སྒོ་ཆེན་དེ་བརྒྱུད་ནས་ཕར་སོང་བ་ན་གྲོང་ཚོའི་ནང་དུ་ཐོན་ཐུབ་པ་དང་།གཙང་ཞིང་གྲལ་དག་པའི་བོད་ཁང་ནི་མིག་ལ་མཛེས་ཤིང་བརྗིད་ཉམས་ལྡན་པ་དང་། ཞིང་སའི་ནང་ལ་རྒུན་འབྲུམ་དང་སྐྱུ་རུའི་སྣུམ་སྡོང་བཙུགས་ནས་གང་སར་ཉམས་དགའ་བའི་རྣམ་པ་ཞིག་མངོན་ཡོད།  



      ཉེ་བའི་ལོ་ཤས་རིང་།   ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག    ཟོག་རབ་གྲོང་མིས་དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་བྱས་ནས།   གྲོང་ཚོ་ཡོངས་ཀྱི་རྣམ་པ་དང་།  གྲོང་མིའི་འཚོ་བ་དང་དཔལ་འབྱོར་ཡོང་འབབ་སོགས་ཀྱི་ཐད་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་ཅིང་།   ལས་ལ་བརྩོན་པའི་ཟོག་རབ་གྲོང་མིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་གསར་བ་ཞིག་བསྐྲུན་བཞིན་ཡོད།  

     སྐྱུ་རུའི་སྣུམ་ནི་འབུམ་སྟེང་གྲོང་ཚོའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན།   འབུམ་སྟེང་གྲོང་ཚོ་ཡོངས་སུ་སྐྱུ་རུའི་སྣུམ་སྡོང་འཛུགས་པར་ཁྱབ་སྤེལ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད་ལ།  དེའི་ཁྲོད་དུ་ཟོག་རབ་གྲོང་མི་ཚོ་ཆུང་གིས་མུའུ80ལྷག་ལ་སྐྱུ་རུའི་སྣུམ་སྡོང་བཙུགས་ཡོད།    ཟོག་རབ་གྲོང་མི་ཚོ་ཆུང་གི་ཚོགས་གཙོ་བསོད་ནམས་རྡོ་རྗེས་བཤད་ན།  ལམ་འགྲམ་གྱི་སྐྱུ་རུའི་སྣུམ་སྡོང་ཚང་མ་ནི་ཏང་ཡོན་རྣམས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་བཙུགས་པ་ཞིག་ཡིན།  ཚང་མས་ད་དུང་དུས་བཀག་ལྟར་ཆུ་བླུག་ནས་ཁོར་ཡུག་སྔོ་ལྗང་ཅན་དང་བགྲོད་ལམ་མཛེས་བཟོར་བཏང་ནས་ས་ཆུ་སྲུང་འཛིན་བྱེད་པར་གཞོལ་གྱི་ཡོད་པས།   ཞོར་ལ་དཔལ་འབྱོར་གྱི་ཕན་ནུས་ཀྱང་ཐོན་ཐུབ་ཀྱི་ཡོད་ཟེར། 

     གྲོང་མི་ཚོ་ཆུང་དེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་ཧོ་ཁྲུན་ཆང་གིས་ང་ཚོའི་སྣེ་ཁྲིད་ནས་སྐྱོད་སྐབས་དུད་ཚང་རེ་རེའི་གནས་ཚུལ་ངོ་སྤྲོད་ཞིབ་མོ་བྱས་བྱུང་།   ཁོས་ཟོག་རབ་པ་ནི་ལས་ལ་བརྩོན་ཞིང་བསམ་བློའི་གོ་རྟོགས་ཅུང་མཐོ་བ་བའི་རིགས་སུ་གཏོགས། ཟོག་རབ་གྲོང་ཚོ་སྤྱི་དབུལ་ཐར་བྱས་པ་ཅུང་མགྱོགས་ཤིང་ཉེ་འཁོར་གྲོང་ཚོ་ཡོངས་ཀྱི་དཔེ་མཚོན་འཇོག་ས་ཡིན།   དེང་སྐབས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་ནང་དུ།  ཆ་རྐྱེན་ཞན་ཤོས་ཀྱི་ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམ་གྱི་ཡོང་འབབ་ཀྱང་སྒོར6000ཡས་མས་ལ་སླེབས་ཡོད་པས།   ཁོ་ཚོས་རང་འགུལ་ངང་དུད་ཚང་དབུལ་པོ་ལས་སྔ་སྣུར་བྱ་རྒྱུའི་རེ་འདུན་ཞུས་ཡོད་ཟེར།  



     གྲོང་མི་ཨ་རྡོར་ལགས་ཀྱིས་བཤད་ན།   རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་སྟབས། ལོ་ཤས་རིང་ལ་ང་ཚོར་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་གནང་ཡོད།  ད་ཆ་འཚོ་བ་ཇེ་ལེགས་སུ་ཕྱིན་ནས།   ང་ཚོས་རང་སྟོབས་རང་སྤེལ་བྱེད་ཐུབ་ཀྱི་ཡོད།  རང་གི་ལག་ཟུང་ལ་བརྟེན་ནས་རང་ཉིད་གསོ་སྐྱོང་བྱེད་པ་ལས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འགོར་འགྱངས་བྱེད་དུ་འཇུག་མི་རུང་ཟེར།   ཁོ་ཡང་རང་འགུལ་ངང་དབུལ་ཐར་ལས་གྲོལ་བར་རེ་ཞུ་བྱེད་པའི་གྲས་ཀྱི་གཅིག་རེད། 2015ལོར། ཨ་རྡོར་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་2000ཡས་མས་ལས་མེད་པ་དང་།    སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་སྐྱུ་རུའི་སྣུམ་སྡོང་འཛུགས་པ་དང་།   ཕྱི་ཕྱོགས་སུ་སོང་ནས་ལས་ཀར་ཞུགས་པ། ས་ཞིང་དེ་ཁེ་ལས་ལ་གཡར་ནས་རྒུན་འབྲུམ་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡོང་སྒོ་ཟམ་མི་ཆད་པར་ཇེ་མང་དུ་འཕར་ཡོད།  2018ལོར་ཨ་རྡོར་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་16000བྱུང་ཡོད།   དེའི་ཁྲོད་བུ་ཕྲུག་གཉིས་ཕྱི་ལ་སོང་ནས་ཟླ་ངོ་བཞིའི་རིང་ལ་བྱུང་བའི་ཡོང་སྒོ་ལ་སྒོར་ཁྲི3.7རེག་ཡོད།  

      ཟོག་རབ་པས་རང་གི་ལག་ཟུང་དང་བློ་གྲོས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་བཞིན་ཡོད་པ་དང་། གྲོང་ཚོ་ཡོངས་ལ་རྣམ་པ་བཟང་བོ་ཞིག་མངོན་ནས་འཚོ་སྡོད་བྱེད་སའི་ཁོར་ཡུག་ཀྱང་སྔར་ལས་ཇེ་ཡག་ཇེ་ལེགས་སུ་སོང་ཡོད་པ་མ་ཟད།   གྲོང་མིའི་ཡོང་སྒོའི་ཕྱོགས་ལ་ཡང་འཕར་སྣོན་མི་ཉུང་བ་བྱུང་ཡོད།   གྲོང་མི་ཚོས་བསམ་བློར་འགྱུར་ལྡོག་བཏང་བ་ནི་འཕེལ་རྒྱས་འབྱུང་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པར་ར་སྤྲོད་གསལ་བོ་ཞིག་ཀྱང་བྱས་འདུག