༄༅།།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-17   རྩོམ་ཁུངས།   


 

      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྡོ་ཐར་གྱིས་སྤེལ་བའི་གནས་ཚུལ། སྤྱི་ཟླ1པོའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་གཉེར་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཕིང་ཧྭ་སོགས་ས་གནས་ཀྱི་འགོ་ཁྲིད་དང་དེ་བཞིན་པེ་ཅིང་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་རིག་གནས་པ་དང་ཆེད་མཁས་མི་150ལྷག་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག ས་གནས་ཁག་ནས་ཕེབས་པའི་རིག་གནས་པ་དང་ཆེད་མཁས་རྣམ་པས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ལྷག་པར་དུ་བོད་རིགས་ས་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར་གོང་འཕེལ་སོགས་ཀྱི་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་གནང་བ་དང་། སྐྱེས་ཆེན་གང་དེའི་ཐུགས་རྒྱུད་བཟང་བ་དང་། ཐུགས་གཤིས་དྲང་བ། བྱམས་བརྩེའི་ངང་ཚུལ་ལྡན་པ་བཅས་ལ་རྗེས་དྲན་དང་བགྲོ་གླེང་ཞུས་ཡོད་པ་རེད།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་ལ་མཐོང་ཆེན་གནང་བ་དང་། སྐབས་རིམ་བྱུང་གི་ཀྲུང་དབྱང་གི་དབུ་ཁྲིད་དང་བོད་རྒྱུད་ནང་བསྟན་གྱི་མཐོ་རིམ་མི་སྣའི་བར་མཐུན་ལམ་ཟབ་མོ་ཚུགས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་མཐོང་ཆེན་སྔར་ལྷག་པ་གནང་བ་དང་། ཏང་ཕྱིའི་མི་སྣ་དང་མཐུན་གྲོགས་སྒྲིག་རྒྱུ་དང་། ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གནང་རྒྱུར་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2015ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག བོད་བརྒྱུད་ནང་བསྟན་ལས་རིགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྟ་བུའི་འཐུས་ཚབ་རང་བཞིན་གྱི་མི་སྣ་ཡོད་ཅེས་གསུངས་གནང་ཡོད།  པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་སེམས་དཀར་གྱི་གྲོགས་པོ། སྐད་གྲགས་ལྡན་པའི་རྒྱལ་དོན་གནང་སྒོ་མཁས་ཅན། བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་གཙོ་འཛིན་བཅས་ཡིན་ཞིང་། གང་དེ་སྤྱི་ལོ་1938ལོའི་ཟླ་2པའི་ཚེས་3ཉིན་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་བིས་མདོ་རུ་སྐུ་འཁྲུངས་པ་དང་། སྤྱི་ལོ་1989ལོའི་ཟླ་1པོའི་ཚེས་28ཉིན་བོད་ལྗོངས་གཞིས་རྩེར་གདན་ས་བཀྲ་ཤིས་ལྷུན་པོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ།