དབུ་ཤོག >> ས་གནས་གསར་འགྱུར།
འཇམ་དཔལ་རྒྱ་མཚོས་ཡུན་ནན་འཇོལ་རྫོང་ནས་གླིང་གེ་སར་དཔྱད།
རྩོམ་པ་པོ། དུས་ཚོད། 2019-01-09 རྩོམ་ཁུངས།

        ཟླ་བ་1པོའི་ཚེས་8ཉིན། གླིང་སྒྲུང་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོའི་དཔའ་བོ་གེ་སར་ཞེས་པའི་ཡུན་ནན་གྱི་བགྲོ་གླེང་ཚོགས་འདུ་དེ་བདེ་ཆེན་ཁུལ་འཇོལ་རྫོང་ཡུལ་སྐོར་རིག་གནས་ཕྱོགས་བསྡུས་ཐོག་ཁང་གངས་ཅན་བོད་ཀྱི་རིག་གནས་དྲིལ་སྒྲོག་སློབ་སྦྱོང་ལྟེ་གནས་ནས་འཚོགས་པ་རེད།

        བགྲོ་གླེང་ཚོགས་འདུ་འདི་ཀྲུང་གུང་འཇོལ་རྫོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་བསྒྲུབ་གནང་བ་ཡིན་ལ། རྫོང་རིག་གནས་མཉམ་འབྲེལ་ལྷན་ཚོགས་དང་རྫོང་ཡུལ་སྐོར་ཅུས། རྫོང་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས། ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་འགན་བསྒྲུབ་གནང་བ་རེད།

        རྫོང་ཨུའི་རྒྱུན་ལས་དང་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཚའེ་ཧྭ་ཡིས་རྫོང་གི་འགོ་ཁྲིད་རྣམས་དང་རྫོང་མི་རིགས་རིག་གནས་ལས་བྱེད་པ་ཡོངས་ཀྱི་ཚབ་བྱས་ནས་སྐུ་ཞབས་འཇམ་དཔལ་རྒྱ་མཚོ་དང་ཆེད་མཁས་པ་རྣམས་ལ་གུས་འདུད་དང་བཅས་འཇོལ་རྫོང་དུ་ཡོང་བར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པ་རེད།

        བགྲོ་གླེང་ཚོགས་འདུའི་ཐོག་འཇམ་དཔལ་རྒྱ་མཚོས་འཇོལ་རྫོང་ལ་རང་ཉིད་ཀྱི་ལོ་ངོ་བཅུ་ཡི་འབད་བརྩོན་ལས་ཐོན་པའི་བརྩམས་ཆོས་དཔའ་བོ་གེ་སར་ཞེས་པའི་ཆེད་དེབ་ཅིག་གནང་བ་རེད། ཆེད་དེབ་འདི་རང་རྒྱལ་གྱི་ལོ་རྒྱུས་སྙན་ངག་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཀུན་གྱི་དཔེ་ཀློག་པ་རྣམས་ལ་ཀྲུང་གོའི་ལོ་རྒྱུས་སྙན་ངག་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་དཔེ་དེབ་གལ་ཆེན་ཞིག་མཁོ་སྤྲོད་བྱས་པ་རེད།

        གྲོས་ཚོགས་ཐོག་བདེ་ཆེན་གྱི་གེ་སར་རིག་གནས་པ་འགས་གཏམ་བཤད་གནང་ཞིང་། ཁུལ་དང་རྫོང་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་དང་ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་སོགས་ཀྱི་འགན་ཁུར་མི་སྣས་བདེ་ཆེན་གྱི་གེ་སར་ཞིབ་འཇུག་གི་ད་ལྟའི་གནས་བབས་དང་། ཞིང་ཆེན་དང་ཁུལ། རྫོང་སོགས་རིམ་པ་གསུམ་གྱི་གེ་སར་རིག་གནས་རྒྱུན་འཛིན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རོལ་མོ་བ་གྲགས་ཅན་དང་བོད་ཀྱི་རིག་གནས་པ་དོན་གྲུབ་གྱིས་གེ་སར་སྒྲུང་གི་ལེན་སྟངས་དང་དབྱངས་ཀྱི་འདེགས་འཇོག་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་བཤད་ལ། ལི་སུའུ་རིགས་ཀྱི་སྙན་ངག་པ་དང་རིག་གནས་པ་ལི་ཀུའུ་མིང་གིས་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་རང་ཉིད་ཀྱི་གེ་སར་སྒྲུང་གི་གོ་བ་ལེན་སྟངས་དང་བསམ་ཚུལ་བཤད་པ་མ་ཟད་། རྗེས་ཕྱོགས་ཀྱི་ལས་ཀའི་ཐད་ལ་རང་ཉིད་ཀྱི་བསམ་འཆར་བཏོན་པ་རེད། ཁོས་སར་སྒྲུང་ནི་བོད་མི་རིགས་ཀྱི་ངོམ་ཆོག་ཆོག་གི་ངོ་མཚར་རིག་གནས་ཤིག་ཡིན་པ་མ་ཟད། དེ་ཡང་རང་ཁུལ་གྱི་ངོམ་ཆོག་ཆོག་རིག་གནས་ཤིག་རེད་ཞེས་བཤད།



        བགྲོ་གླེང་གྲོས་ཚོགས་འདུའི་ཐོག་ས་གནས་སྒྲུང་མཁན་གྱིས་ཡུལ་དངོས་ནས་གེ་སར་སྒྲུང་བཤད་ཅིང་ཚོགས་འདུར་ཞུགས་ཡོད་པའི་ཆེད་མཁས་པ་དང་འབྲེལ་ཡོད་འགོ་ཁྲོད་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ་པ་རེད། 


        གྲོས་ཚོགས་སྟེང་ད་དུང་འཇམ་དཔལ་རྒྱ་མཚོས་གླིང་མི་རེའི་ཁ་ན་སྒྲུང་རེ་ཡོད་ཅེས་པའི་གཏམ་དཔེ་འདི་དང་སྦྲེལ་ནས་དེ་སྔོན་ཁ་བས་ཇ་རྟའི་གནའ་ལམ་བཀག་པས་འཇོལ་རྫོང་དུ་ངལ་གསོ་རྒྱག་པའི་སྐབས་སུ་ཚོང་པ་རྣམས་ཀྱིས་གེ་སར་སྒྲུང་པས་བཤད་པའི་སྒྲུང་ལ་ཉན་ནས་ཉིན་མཚན་འགའ་རེ་དང་མཐའ་ན་ཟླ་འགའ་འདུག་པའི་བཤད་སྲོལ་ཡོད་པ་རེད། དུས་ད་ལྟ་མི་རྣམས་ཀྱིས་སེ་སར་སྒྲུང་ལ་ཉན་ནས་དུས་ཚོད་འགའ་ཡང་འདུག་མི་ཐུབ་ཅེས་བཤད། གནས་ཚུལ་འདིར་དམིགས་ནས་འཇམ་དཔལ་རྒྱ་མཚོས་གེ་སར་སྒྲུང་དཔེ་མཛོད་ཁང་དུ་འཇོག་པ་དང་རིག་གནས་ཁང་དུ་འཇོག་པ། སློབ་གྲྭའི་ནང་ཞུགས་ཐུབ་པ། དུས་མཚུངས་སུ་སྨྱན་སྦྱོར་འཕེལ་ཕྱོགས་དང་བསྟུན་ཐུབ་པར་བྱས་ཏེ། བྱེད་ཐབས་སྣ་ཚོགས་ཀྱིས་གེ་སར་སྒྲུང་མི་རབས་ནས་མི་རབས་ལ་བརྒྱུད་ཐུབ་པ་བྱེད་དགོས་པའི་རེ་བ་བཏོན་པ་རེད།