དམངས་ཁྲོད་སྒྱུ་རྩལ་པས་ལོ་གསར་གྱི་ལེགས་སྐྱེས་ཕུལ།

རྩོམ་པ་པོ།   དུས་ཚོད།   2019-01-04   རྩོམ་ཁུངས།   



    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2019ལོའི་ཟླ་1པོའི་ཚེས་1ཉིན་ནི། ལོ་གསར་གྱི་ཉིན་དང་བོ་ཡིན་ལ་གུང་གསེང་གི་ཆེས་མཐའ་མཇུག་གི་ཉིན་ཡང་ཡིན་པ་རེད།གནམ་ལོ་གསར་ཚེས་ཀྱི་ཉིན་འདིར་གྲོང་མི་ཡོངས་ཀྱིས་ལོ་གསར་ཀྱི་དགའ་སྟོན་ལ་རོལ་གྱིན་ཡོད་ལ།གྲོང་ཁུལ་ན་ལོ་གསར་གྱི་བྱ་འགུལ་ཡང་སྣ་ཚོགས་སྤེལ་བཞིན་ཡོད་དེ། ཚེས་1ཉིན་གྱི་ཕྱི་དྲོར། ཉི་མ་སེར་བོའི་ཐང་ཆེན་ན་དམངས་ཁྲོད་སྒྱུ་རྩལ་བ་དག་གིས་འཇོལ་རྫོང་པི་ཝང་གླུ་གར་དང་རྒྱལ་ཐང་སྐོར་བྲོ།དེ་མིན་འཇང་བྲོ་སོགས་འཁྲབ་སྟོན་བྱེད་བཞིན་ཡོད་ལ། གྲོང་མི་དང་ཡུལ་སྐོར་བ་མང་བོ་གནས་འདིར་འཛོམས་ཤིང་འདུ་འཛི་ཆེ་བའི་ལོ་གསར་དུས་སྟོན་གྱི་སྣང་བ་ཞིག་ཡོངས་སུ་ཁེངས་ཡོད།

    དམངས་ཁྲོད་སྒྱུ་རྩལ་བ་སྐོར་ཁག་གསུམ་གྱིས་ཉི་མ་སེར་བོའི་ཐང་ཆེན་གྱི་ཕྱོགས་གསུམ་ན་འཁྲབ་སྟོན་བྱེད་བཞིན་ཡོད་ལ།འཁྲབ་སྟོན་གྱི་ནང་དོན་ལ་བདེ་ཆེན་འཇོལ་རྫོང་གི་གདོད་མའི་པི་ཝང་གླུ་གར་ཏེ་ཁ་བ་དཀར་པོའི་བསྟོད་གླུ་དང་ལྷ་ས་མ་ཆགས་ལྷ་ཆགས།རྒྱལ་ཐང་སྐོར་བྲོ་གཡང་ཆགས་ཞེས་པ་དང་འཛོམས་བྲོ། དེ་མིན་འཇང་གི་མཛའ་གཞས་སོགས་འཁྲབ་སྟོན་སྣ་ཚོགས་བྱས་སྟེ།སྙན་འཇེབས་ཀྱི་པི་ཝང་གི་དབྱངས་རྟ་དང་ཉམས་འགྱུར་གྱིས་ཕྱུག་པའི་གར་གྱི་སྟངས་སྟབས་ཀྱིས་ལམ་འགྲོ་བ་དང་ཡུལ་སྐོར་བ་རྣམས་ལ་ལོ་གསར་གྱི་ལེགས་སྐྱེས་དང་།ལོ་གསར་བའི་ནང་མེས་རྒྱལ་བདེ་ཞིང་འབངས་རྣམས་སྐྱིད་པའི་བཀྲ་ཤིས་སྨོན་འདུན་དང་བསྟོད་གླུའི་ཚུལ་དུ་ཕུལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་གནམ་ལོ་གསར་ཚེས་ཀྱི་ལེགས་སྐྱེས་ཁོ་ན་ཙམ་མ་ཡིན་པར་དམངས་ཁྲོད་སྒྱུ་རྩལ་བའི་སྟར་འཕྲེང་བར་ན་སྲོལ་རྒྱུན་རིག་གནས་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་འགའ་རེ་ཡང་མཐོང་ཐུབ་ལ།ཁོ་ཚོས་ནན་ཏན་གྱིས་རྒན་རབས་པ་དག་གི་རྗེས་དེད་ནས་གླུ་ཚིག་དང་གར་གྱི་འཁྲབ་སྟངས་སློབ་སྦྱོང་བྱེད་བཞིན་ཡོད་དེ།མིང་དོན་མཚུངས་པའི་རིག་གནས་རྒྱུན་འཛིན་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདི་བྱེད་སྒོ་ནི་བདེ་ཆེན་དངོས་མིན་རིག་གནས་རྒྱུན་འཛིན་ལྟེ་གནས་དང་བདེ་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་བ་ཡིན་ལ།སྤྱིར་བྱེད་སྒོ་འདི་ཟླ་བདུན་པ་ནས་བཟུང་ཟླ་རེའི་ཚེས་པ་5དང་ཚེས་པ་15།ཚེས་པ་25བཅས་ཀྱི་ཕྱི་དྲོའི་དུས་ཚོད་7:30ནས་9:30བར་འཁྲབ་སྟོན་བྱེད་བཞིན་ཡོད་མོད།  འོན་ཀྱང་2019ལོའི་ཟླ་1པོའི་ཚེས་1ཉིན་གྱི་འཁྲབ་སྟོན་འདི་ཆེད་དུ་གནམ་ལོ་གསར་ཚེས་ཀྱི་ལེགས་ལ་ཕུལ་བ་རེད།