སྨན་གང་བྱུང་དུ་འཐུང་ན་གནོད་འཚེ་ཆེ་བས་གཟབ་རོགས།

རྩོམ་པ་པོ།   དུས་ཚོད།   2018-12-28   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        དེང་སང་བོད་ཡུལ་དུ་སྨན་ཁང་དང་སྨན་ཚོང་ཁང་གང་སར་ཁྱབ་ཡོད་པས་མི་སེར་སྐོར་ཞིག་གིས་རང་གི་ནད་ངོས་མ་ཟིན་གོང་ནས་སྨན་འདྲ་མིན་སྣ་ཚོགས་ཉོས་ཏེ་འཐུང་བཞིན་འདུག་ལ། ལྷག་པར་དུ་ཨེ་མའོ་ཁེ་ཟི་ལིན(阿莫西林)དང་མགོ་སྨན་གཉིས་ནི་བོད་ཀྱི་ས་ཆ་སོ་སོར་ནད་བརྒྱ་འཇོམས་ཀྱི་སྨན་ལྟ་བུར་བརྩིས་ཏེ་གང་བྱུང་དུ་འཐུང་གིན་ཡོད་པ་སྟེ། ལག་པ་དང་རྐང་པ། མཁྲིས་པ། ཕོ་བ་སོགས་གང་ན་ཡང་མགོ་སྨན་བསྟེན་བཞིན་པ་དང་། ད་དུང་མི་ཚོགས་མང་པོ་འཛོམས་དུས་ངེས་པར་དུ་མགོ་སྨན་ཤོག་སྒམ་ཁ་ཤས་གྲ་སྒྲིག་བྱེད་དགོས་པར་གྱུར་འདུག་ལ། མ་ཎི་དང་སྒྲོལ་མ་ལ་སོགས་པའི་ཆོས་ཚོགས་འཚོགས་སར་མགོ་སྨན་སྤྲད་ན་མི་དགོས་མཁན་ཧ་ཅང་དཀོན། བགྲེས་སོང་སྐོར་ཞིག་གིས་ཉིན་རེར་མགོ་སྨན་དྲུག་ཙམ་འཐུང་བཞིན་པ་ཡོད་ལ། མགོ་སྨན་དེ་འདྲ་མང་པོ་འཐུང་མཁན་ནི་བོད་ཡུལ་མ་གཏོགས་ས་ཆ་གཞན་ལ་ཕལ་ཆེར་མཐོང་དཀའ།     

         

        བོད་ཀྱི་རྒན་རྒོན་རྣམས་ས་ཆ་གཞན་ལ་ཡུལ་སྐོར་དང་གནས་མཇལ་འགྲོ་དུས་ཀྱང་མགོ་སྨན་ནི་མེད་དུ་མི་རུང་བའི་སྨན་ཞིག་ཏུ་གྱུར་ཡོད་ཅིང་། མི་སེར་ཚོའི་ཤུགས་རྐྱེན་འོག་དེང་སང་ལས་བྱེད་པ་དང་གྲྭ་བཙུན། རིག་གནས་པ་ཚོའི་གྲས་སུ་ཡང་མགོ་སྨན་འཐུང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། མི་མང་ཆེ་ཤོས་ཀྱིས་མགོ་སྨན་འཐུང་ན་མིར་གནོད་པ་ཅི་ཡོད་ཤེས་ཀྱི་མི་འདུག

        མགོ་སྨན་འཐུང་ཆེ་ན་ཀླད་པ་དང་ཕོ་བ། མིག རྣ་བ། མཁལ་མ་སོགས་ལ་གནོད་པ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ལྷག་པར་ཏུ་མིའི་དྲན་པ་ཉམས་པ་དང་། ད་དུང་དེའི་ནང་ཁཱ་ཧྥེ་ཡེན་(咖啡因)ཞེས་པའི་རྫས་རྒྱུ་ཚུད་པས་ཐེངས་གཅིག་འཐུང་རྗེས་སླར་ཡང་འཐུང་བསམ་ཞིང་གོམས་ལོབ་ཏུ་འགྱུར་བ་དང་། ཐ་མག་འཐེན་རྗེས་སྤང་དཀའ་བ་ལྟར་དེ་དང་འབྲལ་མི་ཐུབ་པར་འགྱུར་སྲིད།    

        

        འདིར་དམིགས་བསལ་དུ་གསལ་འདེབས་བྱ་རྒྱུར། མགོ་སྨན་དེའམ་ཡང་ན་སྨན་རིགས་གང་རུང་སྨན་གཞན་དང་མཉམ་དུ་འཐུང་སྐབས་ངེས་པར་སྨན་པར་དྲིས་ནས་འཐུང་བ་ལས་གང་བྱུང་དུ་བསྲེས་ནས་འཐུང་མི་རུང་ལ། གལ་སྲིད་གང་བྱུང་བསྲེས་ན་སྨན་འགའ་ཤས་མཉམ་དུ་འཕྲད་རྗེས་དུག་ཏུ་འགྱུར་ཞིང་སྲོག་ལའང་ཉེན་ཁ་བཟོ་སྲིད་པས་ངེས་པར་གཟབ་དགོས།

            གཟའ་འཁོར་གཅིག་གི་སྔོན་དུ་ངས་ཁྲིན་ཏུའུ་ཧྭ་ཤིས་སྨན་ཁང་དུ་ནད་པར་རོགས་སྐྱོར་བྱེད་པའི་དང་ལེན་པ་བྱེད་སྐབས། བོད་ཁུལ་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་ལྟེ་གནས་ཀྱིས་རོགས་བྱས་ཏེ་སྨན་ཁང་དུ་ཡོང་བའི་ལོ་དྲུག་ཅུ་ཙམ་གྱི་ནད་པ་ཞིག་གིས་མ་གཞི་ཉིན་རེར་རིལ་བུ་གཅིག་མ་གཏོགས་འཐུང་མི་ཆོག་པའི་སྨན་ཞིག་ཉིན་རེར་རིལ་བུ་དྲུག་རེ་འཐུང་བར་བརྟེན། སྨན་པས་མོ་རང་གི་ཁྲག་བཤེར་འབྲས་བུ་དེ་རིག་དུས་སྐྲག་ནས་འདར་བཞིན་དེ་མ་ཐག་ཏུ་མྱུར་སྐྱོབ་སྡེ་ཁག་ཏུ་ཁྲིད་ནས་ཁབ་བརྒྱབ་པ་དང་། ནད་པ་དེས་ཉིན་རེར་སྨན་རིལ་དྲུག་འཐུང་བ་ཤེས་རྗེས་སྨན་པ་ཧང་སང་ཞིང་མི་གཞན་དག་ཡིན་ན་ཕལ་ཆེར་ཀླད་ཁྲག་ཤོར་ནས་ཤི་ཚར་ཡོད་པའི་སྐོར་བརྗོད་བྱུང་ལ། སྨན་ཚད་ལས་བརྒལ་བ་འཐུང་ན་ཉེན་ཁ་ཧ་ཅང་ཆེན་པོ་ལྡན་ཡོད།

        བོད་ཡུལ་གྱི་ལས་བྱེད་དང་ཤེས་ལྡན་པ་ཁ་ཤས་ཀྱིས་ཀྱང་བདེ་སྲུང་ཐོན་རྫས་(保健品)་མང་པོ་འཐུང་བཞིན་ཡོད་མོད། ཐོན་རྫས་དེ་ཚོར་རྒྱུས་ལོན་ཆེན་པོ་མེད་ན་མ་འཐུང་ན་བཟང་བ་སྟེ། བདེ་སྲུང་ཐོན་རྫས་ཁ་ཤས་ལུས་པོར་གནོད་པ་ལས་ཕན་ནུས་ཅི་ཡང་མེད།

        དུས་རྒྱུན་སེམས་ཁམས་སྐྱིད་པོ་དང་ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས། ཆུ་མང་ཙམ་འཐུང་ཞིང་ཤིང་ཏོག་དང་སྔོ་ཚལ་རིགས་མང་ཙམ་ཟ་བ། སྨན་ཉུང་ཙམ་འཐུང་བ་སོགས་བྱས་ན་ལུས་པོའི་བདེ་ཐང་ལ་ཤིན་ཏུ་ཕན་པ་ཞིབ་འཇུག་མང་པོས་སྤྲོད་བྱས་ཡོད།