སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        སློབ་མ་ཞིག་གི་མི་ཚེ་གཅིག་གི་སློབ་སྦྱོང་དེ་ངོ་བོ་ལྟར་དབྱེ་ན་ལད་ཟློས་རང་བཞིན་གྱི་སློབ་སྦྱོང་དང་བསམ་གཞིག་རང་བཞིན་གྱི་སློབ་སྦྱོང་། ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་བཅས་རིགས་ཆེན་པོ་གསུམ་དུ་འདུ་བར་བཤད་ལ། དེ་ལས་བུ་བཅོལ་ཁང་གི་ལོ་གསུམ་གྱི་སློབ་སྦྱོང་དང་། སློབ་ཆུང་གི་ལོ་དྲུག་གི་སློབ་སྦྱོང་། དེའི་ཁར་དམའ་འབྲིང་གི་ལོ་གཉིས་བཅས་ནི་ལད་ཟློས་རང་བཞིན་གྱི་སློབ་སྦྱོང་དང་། དམའ་འབྲིང་གི་ལོ་རིམ་གསུམ་དང་། མཐོ་འབྲིང་གི་ལོ་རིམ་གསུམ། དེའི་ཁར་དངོས་གཞིའི་ལོ་རིམ་གསུམ་སྟེ་དགུ་ནི་བསམ་གཞིག་རང་བཞིན་གྱི་སློབ་སྦྱོང་། དངོས་གཞིའི་ལོ་རིམ་བཞི་པ་ནས་རབ་འབྱམས་པའི་ལོ་གསུམ་དང་། འབུམ་རམས་པའི་ལོ་གསུམ་བར་གྱི་སློབ་སྦྱོང་ནི་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་དུ་འཛམ་གླིང་གི་མཁས་པ་རྣམས་སྨྲ་བར་བྱེད་པས། དེ་ལྟར་ན་སློབ་ཆུང་གི་དུས་སྐབས་ནི་ཏག་ཏག་ལད་ཟློས་རང་བཞིན་གྱི་སློབ་སྦྱོང་ལ་གཏོགས་པས། སློབ་ཆུང་གི་རྩོམ་ཡིག་དགེ་རྒན་གྱིས་གཤམ་གྱི་ཐབས་ལམ་གསུམ་ལ་དོ་སྣང་བྱས་ཚེ་སློབ་མའི་རྩོམ་འབྲིའི་ནུས་པ་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་བར་ཁག་ཐེག་བྱེད་ཐུབ་སྙམ།

        གཅིག རྩོམ་ཡིག་གི་རྒྱུ་ཆ་འཚོལ་བར་རོགས་རམ་བྱེད་དགོས།

        རྒྱུ་ཆ་ནི་དཔེར་ན་རྩོམ་ཡིག་གི་ཤ་ཁྲག་ལྟ་བུ་ཡིན་པས་རྩོམ་ཡིག་གང་ཞིག་འབྲི་དགོས་ཀྱང་སྔོན་ལ་རྒྱུ་ཆ་འཚོལ་རྒྱུ་ནི་རྩོམ་འབྲི་དངོས་ལ་འཇུག་པའི་སྟ་གོན་ལྟ་བུར་མཐོང་། དེ་བས་རྩོམ་ཡིག་ཁྲིད་པའི་དགེ་རྒན་གྱིས་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱས་རྗེས། སློབ་མ་རྣམས་ཀྱིས་རྩོམ་ཡིག་གི་བརྗོད་བྱ་ལྟར་རྒྱུ་ཆ་བཙལ་ཏེ་ལས་སྣོན་དང་གདམ་གསེས་བྱེད་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་རྩོམ་ཡིག་གི་རྒྱུ་ཆ་ནི་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ན་ཡང་། སློབ་ཆུང་གི་སློབ་མ་རྣམས་ལ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྙོག་འཛིང་ཆེ་བའི་གདོད་མའི་རྒྱུ་ཆ་དེ་དག་འཚོལ་སྡུད་བྱེད་པའི་ནུས་པ་ཅུང་ཟད་ཅིག་ཡོད་ན་ཡང་། གདོད་མའི་རྒྱུ་ཆ་དེ་དག་ལས་རང་ཉིད་ལ་གང་མཁོ་བ་ཐམས་ཅད་གདམ་གསེས་དང་། གཙོ་ཕལ། དབྱེ་བསྡུ་བྱེད་པའི་ནུས་པ་ཆེར་མི་ལྡན་པས། རྩོམ་ཡིག་དགེ་རྒན་གྱིས་སློབ་མ་ཚོ་འཚོ་བར་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ཁོ་ཚོས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འཚོལ་སྡུད་བྱས་པ་ལས་བྱུང་བའི་གདོད་མའི་རྒྱུ་ཆ་དེ་དག་གདམ་གསེས་བྱས་ཏེ་ཟིན་བྲིས་སུ་དགོད་པར་མཛུབ་སྟོན་བྱེད་དགོས། དེ་ཡང་མདོར་དེད་ན་འཇིག་རྟེན་སྟེང་གི་བྱ་དངོས་གང་ཞིག་གི་ཕྱིའི་རྣམ་པ་གཞིར་བཟུང་སྟེ་དེའི་དབྱིབས་དང་། ཁ་དོག བྱེད་ལས། ནུས་པ། ཁྱད་ཆོས་སོགས་ལ་རྒྱུས་ལོན་ཟབ་མོ་ཞིག་ལོན་པར་བྱེད་དགོས་ཤིང་། དེའི་འཕྲོར་རང་གི་རྩོམ་ཡིག་གི་བརྗོད་བྱ་དང་འབྲེལ་བ་དམ་པོ་ཡོད་པའི་རྒྱུ་ཆ་དེ་དག་ལ་རང་གི་དགོས་མཁོ་ལྟར་གཙོ་ཕལ་ཕྱེས་ཏེ། བཙོ་སྦྱངས་དང་ལས་སྣོན་བྱས་ཟིན་པའི་རྒྱུ་ཆ་དེ་དག་དོན་གྱི་བྱུང་རིམ་ལྟར་གང་འཚམ་གྱིས་བཀོད་སྤྱོད་བྱེད་པར་མཛུབ་སྟོན་བྱས་ཚེ། སློབ་མ་རྣམས་ཀྱིས་བྲི་བྱའི་རྩོམ་ཡིག་གང་ལ་རང་གར་ཁ་ལོ་བསྒྱུར་ཐུབ་ལ། དེ་ནི་དཔེར་ན་བཞོན་པའི་ལག་ཏུ་རྟའི་ཐུར་མདའ་བཞག་པ་དང་འདྲ་བས་འདི་ཧ་ཅང་གལ་ཆེ་བར་མཐོང་།

        གཉིས། རྩོམ་ཡིག་གི་སྐྱ་ཐིག་ཕབ་པར་ཐབས་ལམ་སྟོན་དགོས།

        རྩོམ་ཡིག་གི་བརྗོད་བྱ་ལ་ཞིབ་ཏུ་དཔྱད་པ་བཏང་སྟེ་རྒྱུ་ཆ་གང་མཁོ་ཚང་མ་ཚགས་སུ་ཆུད་རྗེས། རྩོམ་ལུས་ཀྱི་དགོས་མཁོ་ལྟར་རྩོམ་མགོ་ཇི་ལྟར་བརྩམ་རྒྱུ་དང་། བར་དུ་ཇི་ལྟར་བྲི་རྒྱུ། མཇུག་གང་ནས་བསྡུ་རྒྱུ། ཚན་པ་དུ་ལ་དགར་རྒྱུ། ཚན་པ་གང་ཞིག་སྔོན་ལ་འབྲི་རྒྱུ་དང་གང་ཞིག་རྗེས་སུ་འབྲི་རྒྱུ། ཚན་པ་གང་ཞིག་ཞིབ་འབྲི་བྱེད་རྒྱུ་དང་གང་ཞིག་བསྡུས་འབྲི་བྱེད་རྒྱུ་སོགས་ལ་བསམ་བློ་ནན་མོ་བཏང་སྟེ། རང་སྐྱ་ཐུབ་པའི་སྒོ་ནས་རྩོམ་གྱི་སྐྱ་ཐིག་གཏན་ལ་ཕབ་སྟེ་རྩོམ་ཡིག་འབྲི་བའི་ལས་ཀ་དངོས་ལ་ཞུགས་དགོས། དེང་སང་གི་བསླབ་དེབ་ལ་མཚོན་ན་སློབ་ཆུང་གི་སྐབས་ཀྱི་རྩོམ་རིག་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཤས་ཆེ་བར་སྣང་བས། དགེ་རྒན་གྱིས་རྒྱུན་དུ《བོད་ཀྱི་སློབ་གསོ》དང་། 《བོད་ལྗོངས་སློབ་གསོ》སོགས་དུས་དེབ་དང་། 《གངས་རྒྱན་ན་ཆུང་ཚགས་པར》དང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ཚགས་དེབ་སྣ་ཚོགས་ལས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལེགས་ཤོས་སུ་གྱུར་པ་རྣམས་བཙལ་ཏེ་སློབ་མ་ཚོར་བཀླག་ཏུ་འཇུག་དགོས་པར་མ་ཟད། ད་དུང་རྩོམ་ཡིག་དེ་དག་ལ་དབྱེ་ཞིབ་བྱས་ཏེ་སློབ་མ་རྣམས་ལ་མི་སྣ་སུ་ཞིག་གིས་དུས་ཚོད་ནམ་ཞིག་ལ། ས་ཆ་གང་ཞིག་ནས་བྱ་བ་ཅི་ཞིག་ཇི་ལྟར་བསྒྲུབས་པ་དང་། དེར་མཇུག་འབྲས་ཇི་འདྲ་བྱུང་བ་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་གསལ་བཤད་བྱས་ཏེ། སློབ་མ་ཚོས་རྩོམ་ཡིག་དེ་དག་གི་སྤྱི་ཁོག་ཞིབ་ཏུ་ལོན་པའི་རྨང་གཞིའི་སྟེང་དུ། ཚིག་གི་སྦྱོར་བ་དང་དོན་གྱི་བྱུང་རིམ། རྩོམ་སྟངས་ཀྱི་ཁྱད་ཆོས་དང་གོ་རིམ་སྒྲིག་སྟངས་བཅས་ཁོང་དུ་ཆུད་པར་མཛུབ་སྟོན་བྱེད་པ་དང་། རྒྱུན་དུ་སློབ་མ་ཚོར་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྩ་དོན་ལྟར་ལད་ཟློས་རང་བཞིན་གྱི་རྩོམ་ཡིག་མང་པོ་འབྲི་རུ་བཅུག་ཚེ། སློབ་མའི་བསམ་གཞིག་གི་ནུས་པ་དང་། རིགས་འདེད་ཀྱི་ནུས་པ། རྒྱུ་ཆ་བཙོ་སྦྱང་གི་ནུས་པ་སོགས་ཉེ་བར་མཁོ་བའི་རྒྱུ་རྣམས་སྐྱེད་ཕུད་དེ་རྩོམ་འབྲིའི་ནུས་པ་གོང་འཕེལ་དུ་གཏོང་ཐུབ་པས། རྩོམ་ཡིག་དགེ་རྒན་གྱིས་འདིའི་གནད་ལ་འབད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། །

        གསུམ། རྩོམ་ཡིག་ཞུ་དག་ལ་དོ་སྣང་བྱེད་དགོས།

        སྤྱི་ཚོགས་འཚོ་བའི་ཁྲོད་ནས་འཚོལ་སྡུད་དང་གདམ་གསེས་བྱས་པའི་གདོད་མའི་རྒྱུ་ཆ་དེ་དག་ལ་བཙོ་སྦྱངས་དང་ལས་སྣོན་བྱས་ཏེ། དོན་གྱི་བྱུང་རིམ་ལྟར་གང་ཞིག་བརྗོད་པར་འདོད་པ་དེའི་མགོ་རྔ་མ་དང་། བར་རྐེད་པ་ཡོངས་སུ་རྫོགས་པར་བརྗོད་ཚར་བ་ན། རྩོམ་ཡིག་དགེ་རྒན་གྱིས་ཐོག་མར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་སློབ་མ་ཚོ་སློབ་ཁང་ནང་ལ་འཚོགས་སུ་བཅུག་རྗེས། སློབ་མ་རང་ཉིད་ཀློག་པ་པོའི་གནས་སུ་བསྡད་དེ་རང་གིས་བྲིས་པའི་རྩོམ་ཡིག་ལ་ཞིབ་ཚགས་ཀྱིས་ལྟ་ཞིབ་དང་། འཕྲི་སྣོན། ལེགས་སྒྲིག་བཅས་བྱས་ཏེ་རྩོམ་ཡིག་གི་སྐྱོན་ཆ་འཚོལ་དུ་འཇུག་དགོས་ཏེ། དཔེར་ན། རྗོད་བྱེད་ཀྱི་ཡི་གེ་ཆད་ལྷག་ཤོར་བ་དང་། དུམ་མཚམས་ཀྱི་གོ་རིམ་འཁྲུག་པ། ཚེག་ཤད་དང་ཚིག་སྦྱོར་མི་བདེ་བ། བརྗོད་བྱ་འབུར་དུ་ཐོན་མེད་པ་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔྱད་བསྡུར་ཡང་ཡང་བྱས་ན། གསོན་ཉམས་ལྡན་ཞིང་མི་སེམས་འགུག་པའི་རྩོམ་ཡིག་མང་པོ་འབྲི་ཐུབ་པར་མ་ཟད། སློབ་མའི་བྱ་དངོས་གོ་རྟོགས་ཀྱི་ནུས་པ་དང་། དབྱེ་ཞིབ་ཀྱི་ནུས་པ། རིགས་འདེད་ཀྱི་ནུས་པ་སོགས་འཕེལ་རྒྱས་སུ་གཏོང་ཐུབ། མཇུག་ཏུ་རྩོམ་ཡིག་དགེ་རྒན་གྱིས་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱི་རྩོམ་ཡིག་ལས་རྩོམ་ཡིག་ཡག་ཤོས་ལྔ་བདམས་ཏེ། རེ་རེ་བཞིན་ཁྲིད་སྟེགས་སྟེང་དུ་མངགས་ཏེ་རང་གི་རྩོམ་ཡིག་ཐེངས་གཅིག་ལ་བཀླག་ཏུ་འཇུག་པ་དང་། དེ་ནས་རང་གི་རྩོམ་ཡིག་གི་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག སྒྱུ་རྩལ་གྱི་ཁྱད་ཆོས་སོགས་བཤད་དུ་བཅུག་ན། ཇི་སྐད་དུ། དང་པོ་དཀའ་ལ་གོམས་ན་སླ་ཞེས་པ་ལྟར་ལས་གང་ཞིག་སློབ་མ་ཚོས་རྩོམ་འབྲིའི་ཆུ་ཚད་གོང་དུ་འཕེལ་བའི་རྒྱུ་རུ་འགྱུར་བས། རྩོམ་ཡིག་དགེ་རྒན་གྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་སློབ་མ་ཚོ་ལས་འདིར་ཞུགས་པའི་སྙིང་སྟོབས་དང་སྤོབས་པར་ཕུ་འདེབས་དགོས་སོ། །

        མདོར་ན། སློབ་ཆུང་གི་རྩོམ་ཡིག་དགེ་རྒན་ཚོས་སློབ་ཁྲིད་དང་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སློབ་མའི་ཆུ་ཚད་ལྟར་རྩོམ་རིག་གི་ཤེས་བྱ་ཁྲིད་སྟོན་དང་། རྩོམ་འབྲིའི་ཐབས་ལམ་ངོ་སྤྲོད། རྩོམ་ཡིག་གི་གོ་སྐབས་དམ་འཛིན་བཅས་བྱས་ཚེ། སློབ་མའི་རྩོམ་འབྲིའི་ནུས་པ་ཆ་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་ཐུབ་པ་རྩོམ་རིག་གི་གཞུང་རྣམས་སུ་སྨྲའོ།