གཏམ་དཔེ་གཏམ་གྱི་རྒྱན་ཆ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དཀའ་ལའ་སྔོན་ལ་རྒྱོབས།

སྐྱིད་པོ་རྗེས་ལ་ཐོངས།

 

དཀའ་དའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས།

འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་རྟོགས།

 

བཀོལ་མ་ཤེས་ཡོན་ཏན་ཕན་མེད་རེད།

འདེབས་མ་ཤེས་ས་ཞིང་སྟོང་པ་རེད།

 

ཁ་ཤོར་ན་ཕྱིར་འཐེན་བྱེད་ཐབས་མེད།

ལམ་ནོར་ན་ཕྱིར་ལོག་བྱེད་ས་ཡོད།

 

ཁྲ་ཆུང་མིག་ལ་སྐྱོན་མེད་ན།

ལྟད་མོ་ག་ནས་ལྟ་ལྟ་རེད།

 

ངན་པ་མ་རིག་ན།

བཟང་པོ་མི་དྲན།

 

སྔོན་ལ་བཏོན་ན་ཇུས་ཡིན།

རྗེས་ལ་བཏོན་ན་འགྱོད་ཡིན།

 

གཅིག་ལ་མ་འགྲིག་གཞན་གྱི་སྐྱོན།

ཀུན་ལ་མ་འགྲིག་རང་གི་སྐྱོན།

 

ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ།

ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།

 

ཉེ་ས་དང་ཚོང་མ་རྒྱག

རྒྱང་ས་དང་གཏམ་མ་གླེང་།

 

གཏམ་དྲང་པོ་ཤོད་པའི་མགྲོན་པོ་དཀོན།

བློ་དྲང་པོ་བྱེད་པའི་དཔོན་པོ་དཀོན།

 

ནམ་རིང་ན་རྨི་ལམ་མང་།

སྐད་ཆ་མང་ན་སྐྱོན་མང་།

 

ཕོ་རབས་གཅིག་གི་བློ་རྩེ་ལས།

ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།

 

ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས།

ཡུལ་ས་ཕྱོགས་གང་ཡིན་སྐད་ཀྱིས་ཤེས།

 

ཕྱི་དགྲ་ནང་ལ་འཁྲིད་རྒྱུ་མེད།

ནང་གཏམ་ཕྱི་ལ་ཤོད་རྒྱུ་མེད།

(ཚེ་རིང་སྒྲོལ་མས་བསྡུས།)