རྒྱ་མཚོའི་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-27   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ནི་ཅི་འདྲ་ཞིག་ཡིན་པ་ཤེས་སམ།

         ང་ཚོ་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་པའི་སའི་གོ་ལའི་སྟེང་ན་དབྱིབས་ཚུགས་མི་འདྲ་བའི་ཆུའི་ཁྱོན་སྣ་ཚོགས་ཤིག་ཡོད། བལྟས་ཚོད་ཀྱིས་སྐམ་ས་ཆེན་པོས་དེ་དག་རེ་རེ་བཞིན་སོ་སོར་བཅད་ཡོད་པ་དང་འདྲ་ནའང་ཆུའི་ཁམས་ཐམས་ཅད་གཞི་གཅིག་ཏུ་འདྲེས་ཡོད། ཁྱོན་ཡངས་པའི་ཆུ་བབ་འདི་ནི་རྒྱ་མཚོ་ཆེན་པོ་ཡིན།

         རྒྱ་མཚོ་ཆེན་པོ་ནི་ཇི་ལྟར་བྱུང་བ་ཡིན།

         དུས་ཡུན་རིང་བོ་ཞིག་གི་ནང་དུ་མཁའ་དབྱིངས་ཀྱི་ཆུ་རྡུལ་དང་རླུང་ཁམས་ཆེན་པོ་ནི་གཞི་གཅིག་ཡིན། ཕྱིས་སུ། རླུང་ཁམས་ཆེན་པོའི་དྲོད་ཚད་ཇེ་དམའ་རུ་སོང་བ་དང་བསྟུན་ནས་ཆུ་རྡུལ་རྣམས་གོང་བུར་ཆགས་ཏེ་ཆུ་ཐིགས་སུ་གྱུར་པར་མ་ཟད། ཆུ་རྡུལ་བསགས་པའང་ཇེ་མང་ནས་ཇེ་མང་དུ་སོང་། དེར་བསྟུན་འབྲུག་སྒྲ་འུར་འུར་དུ་གྲགས་ཤིང་། གློག་ཞགས་ལམ་ལམ་དུ་འཁྱུག་པ་དང་རླུང་ནག་འཚུབ་མ་གཡུགས་ནས་དྲག་ཆར་བབས་ཏེ་ལང་ལོང་དུ་འཕྱུར་བའི་ཆུ་ལོག་ཆེན་པོ་རྣམས་གནས་གཅིག་ཏུ་བབས་པ་ན་གདོད་མའི་རྒྱ་མཚོ་འདི་གྲུབ་པ་ཡིན།

        སྟོང་ཁམས་ནས་བལྟས་ན་སའི་གོ་ལའི་ཁ་དོག་སྔོན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན།

         སའི་གོ་ལའི་ཕྱི་ངོས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་དུང་ཕྱུར5.1ཡོད་པ་དང་། དེ་ལས་རྒྱ་མཚོ་ཆེན་པོས71%ཟིན་པ་རེད། རྒྱ་མཚོ་ཆེན་པོ་ནི་མུ་འབྲེལ་གཞི་གཅིག་ཡིན་པས་སྐམ་ས་ཆེན་པོ་ནི་དེའི་ངོས་སུ་གཡེང་ཡོད་པ་དང་འདྲ། རྒྱ་མཚོ་ཆེན་པོའི་ཁ་དོག་སྔོན་པོ་ཡིན་པས་ན་སྟོང་ཁམས་ནས་བལྟས་ཚེ་སའི་གོ་ལ་ནི་མཛེས་སྡུག་གི་རྒྱུ་སྐར་སྔོན་པོ་ཞིག་ཏུ་སྣང་།

         སྐམ་ས་ཆེན་པོ་ནི་སྤོ་འགུལ་བྱེད་པ་ཨེ་ཡིན།

        འཇར་མན་གྱི་སའི་གོ་ལའི་དངོས་ལུགས་རིག་པ་གྲགས་ཅན་ཝེ་གུ་ནཱས་སྐམ་ས་ཆེན་པོའི་སྤོ་འགུལ་རིག་པ་ཞེས་པ་ཞིག་བཏོན་ཡོད།ཁོང་གི་བསམ་པར་སྐམ་ས་ཆེན་པོ་ནི་བརྟན་ཞིང་བརླིང་བའི་ས་གཞི་ཞིག་མིན་པར། དེ་ནི་ཅུང་ཡང་བའི་སྭེལ་དང་ཧ་ཡང་གིས་གྲུབ་པའི་རིམ་པ་ཞིག་ཡིན་པ་དང་། དེར་འབྱར་བག་ཆེ་བའི་གཤེར་ཁུ་སྭེལ་དང་མཱེ་ཡི་སྟེང་ན་གཡེང་བ་ནི་འཁྱགས་རིམ་ཆུའི་སྟེང་ན་གཡེང་ཡོད་པ་དང་འདྲ་ལ། གཞན་ཤུགས་ཀྱི་ནུས་པར་བརྟེན་ནས་དེ་ཉིད་སྤོ་འགུལ་བྱེད་པ་རེད།