ཞྭ་བཤད་རྡོ་རྗེའི་ཚེ་གླུ།

རྩོམ་པ་པོ།   དུས་ཚོད།   2018-12-23   རྩོམ་ཁུངས།    གམས་ལྗོངས་ཉི་གཞོན།

དེ་ཡང་རང་སྣང་མཁའ་སྤྱོད་དཔལ་གྱི་གནས་མཆོག་ནས་མ་མཁའ་འགྲོའི་གཙོ་མོ་ནེའུ་ཆུང་དབྱིངས་ཕྱུག་རྒོད་ལྕམ་དཀར་མོ་དེས་གླིང་རྒྱལ་པོའི་དབུ་ཞྭ་ཕྱིང་དཀར་ཉི་མ་རང་ཤར་གྱི་ཞྭ་བཤད་རྡོ་རྗེའི་ཚེ་གླུ་ཅོ་གའི་དྲུག་འགྱུར་གྱི་དབྱངས་རྟ་ལ་དྲངས་ནས་བླངས་པར་གདའ་འོ།། གླུ་ཨ་ལ་འོད་གསལ་སྟོང་པའི་གཤིས།། ངག་ཐ་ལ་ལྷུན་གྲུབ་སྣང་བའི་གར།། རྩལ་མ་འགག་རྟེན་འབྲེལ་རི་མོར་བཀྲ།། ཨ་ལ་ལ་ངོ་མཚར་རྨད་དུ་བྱུང་།། དབྱིངས་དག་པ་འོད་ལྔའི་གུར་ཁང་ནས།། མགོན་བཅོམ་ལྡན་རིགས་ལྔའི་ཌཱ་ཀི་མ།། ཐུགས་ཀུན་ཁྱབ་ཡེ་ཤེས་གཡོ་བ་མེད།། གནས་འདི་རུ་གཟི་བྱིན་དངོས་གྲུབ་སྩོལ།། ས་འདི་ཡི་ས་ངོ་མ་ཤེས་ན།། ཕྱི་བཀྲ་ཤིས་གླིང་དཀར་སྟོད་ཀྱི་ས།། ནང་བཀྲ་ཤིས་མཁའ་སྤྱོད་ཞིང་གི་དལ།། ཤར་རྨ་ལུང་རྡོ་རྗེའི་ར་བ་རེད།། ང་ནེའུ་ཆུང་རྒོད་ལྕམ་དཀར་མོ་ཡིན།། གླིང་སྐྱེས་བུའི་བཀའ་ཡི་བདག་མོ་དང་།། གླུ་ཅོ་ག་དྲུག་འགྱུར་ངག་སྒོ་ནས།། བརྡ་ལུང་བསྟན་བདེན་ཚིག་གྲུབ་མི་ཡིན།། དུས་དེ་རིང་བཀྲ་ཤིས་ཉི་མ་ལ།། གླིང་སྐྱེས་བུ་རྡོ་རྗེ་ཚེ་རྒྱལ་ཀྱི།། ཞྭ་འཛམ་གླིང་ཉི་མ་རང་ཤར་གྱི།། བརྡ་མཚོན་རྟགས་རྟེན་འབྲེལ་གླུ་རུ་ལེན།། སྤྱིར་སྲིད་པ་བོད་ཀྱི་བཤད་སྲོལ་ལ།། མགོ་ཞྭ་ཡི་ཡན་ན་མཐོན་པོ་མེད།། དེ་ཡོད་ན་ཉི་མ་ཟླ་བ་རེད།། མགོ་ཞྭ་ཡི་གོང་ན་རིན་ཆེན་མེད།། དེ་ཡོད་ན་རིགས་བདག་བླ་མ་རེད།། གཏམ་དེ་ནི་དོན་གྱི་སྙིང་པོ་རེད།། རྗེ་རྒྱལ་པོའི་ཕྱིང་ཞྭ་དཀར་པོ་འདིའི།། རྒྱུ་བཤད་ན་ལྷ་ལུག་དཀར་མོའི་བལ།། བཀྲ་ཤིས་པའི་ལྷ་རྫས་དཀར་པོའི་རིགས།། གླིང་དཀར་པོའི་བུ་མོ་ནེའུ་ཆུང་ངས།། གཟའ་པ་སངས་དཀར་པོ་རྒྱུ་བའི་ཉིན།། རྨ་ལྷ་ལུང་བྲག་དཀར་ཉིན་ཁུགས་ནས།། ངག་བདེན་ཚིག་དཀར་པོའི་ཕྱིང་གླུ་བླངས།། བལ་འདབ་དཔེ་ལྷོ་སྤྲིན་དཀར་པོར་བྱས།། ཕྱིང་ཆུ་གཙང་གངས་ཆུ་དཀར་པོས་བཅགས།། ཕྱིང་བླངས་གྲངས་ཐེར་འབུམ་དཀར་པོས་བརྩིས།། ཞྭ་དཔེ་ལེན་རྨ་རྒྱལ་གངས་དཀར་བྱས།། ལྷ་དཀར་ཕྱོགས་དགྲ་བླའི་དཔའ་རྫོང་ཡིན།། བོད་རུས་དྲུག་དཀར་པོའི་གཏམ་ཚོ་ལྟར།། རི་དཀར་པོ་རྩེ་མཐོ་ལྡོང་ལ་ཐོབ།། ལྡོང་དཀར་པོའི་ཞྭ་ཐོབ་མཐོ་དོན་བཤད།། ཞྭའི་དཔེ་གཞི་གངས་དཀར་བྱས་ལེ་དེ།། གླིང་དཀར་པོའི་བསྟན་པའི་མངའ་ཐང་དང་།། ལྷ་དཀར་ཕྱོགས་བསྟན་སྲིད་མཐོ་བའི་བརྡ།། ཞྭའི་རྩེ་ལ་ནོར་བུའི་ཏོག་ཅིག་བཙུགས།། དེ་ནོར་བུ་མེ་དཔུང་འབར་བ་ཡིན།། སྤྱིར་སེང་ཆེན་ཡིད༌བཞིན༌ནོར༌བུ་མཆོག། ལྷོ་འཛམ་གླིང་རིགས་བདག་ཡིན་པའི་བརྡ།། སྒོས་མཆོག་ཐུན་གཉིས་ཀྱི་དངོས་གྲུབ་ལ།། ལས་མ་འབད་མངའ་དབང་འབྱོར་བའི་བརྡ།། རྫོང་བཅོ་བརྒྱད་རྫོང་ཕྲན་ཉེར་ལྔ་ཡི།། དཔལ་བསམ་འཕེལ་ཆོས་ནོར་སྒོ་འབྱེད་བརྡ།། ཞྭའི་གདོང་ལ་གསེར་གྱི་མེ་ལོང་བཏགས།། དེ་མེ་ལོང་ཀུན་གསལ་ཡེ་ཤེས་མདངས།། ཐུགས་མཁྱེན་དང་བརྩེ་བའི་རང་རྩལ་ལ།། དཔལ་ཤེས་བྱའི་སྣང་བརྙན་བཀྲ་བའི་བརྡ།། གཞི་འཁོར་འདས་སྣང་སྲིད་ཆོས་སོ་ཅོག། དོན་ཀུན་བཟང་གཅིག་ཏུ་གཟིགས་པའི་བརྡ།། ཞྭའི་འཕྲུ་ལ་རྨ་བྱའི་སྒྲོ་མདོངས་སྒྲོན།། དེ་སྒྲོ་ཐིག་མཐིང་དབྱིངས་ཁྱབ་ཆེན་བརྡལ།། གང་སྣང་ཚད་དག་པའི་རྒྱས་ཐེབས་ཤིང་།། མདངས་སྐུ་ལྔའི་དཀྱིལ་འཁོར་ལྷུན་རྫོགས་ཏེ།། རྩལ་ཡེ་ཤེས་ལྔ་ཡི་འཕྲིན་ལས་ཀྱིས།། དབྱིངས་ཀུན་ཁྱབ་འགྲོ་དོན་ལྷུན་གྲུབ་བརྡ།། ཞྭའི་རྒྱན་ལ་དར་སྐུད་སྣ་ལྔ་དཔྱངས།། དེ་གཡས་གཡོན་འཇའ་རིས་ཤིགས་སེ་ཤིག། ལྷ་རྒྱལ་བ་རིགས་ལྔའི་ཚེ་དར་དང་།། མ་མཁའ་འགྲོ་སྡེ་ལྔའི་བླ་དར་མཚོན།། ཞྭ་མཐོང་གྲོལ་ཡོན་ཏན་ལྔ་ལྡན་ཞིང་།། དཔལ་ཞི་རྒྱས་དབང་དྲག་ཡོན་ཏན་ལྔའི།། ལས་ཐོགས་པ་མེད་པ་འགྲུབ་པའི་བརྡ།། ཞྭའི་ཁ་དོག་དཀར་ལ་དྭངས་པ་ནི།། སྐུའི་འགྲོ་དོན་འཕྲིན་ལས་དཀར་བའི་བརྡ།། ཞྭའི་རྩེ་མོ་རྣོ་ལ་མཐོ་བ་ནི།། ཉམས་རྟོགས་པའི་གདེངས་ཚད་མཐོ་བའི་བརྡ།། ཞྭ་སྐེད་པ་མན་ནས་སྦོམ་པ་ནི།། བྱམས་སྙིང་རྗེའི་རྩ་བ་བརྟན་པའི་བརྡ།། ཞྭའི་མཐའ་འཁོར་ཡངས་ལ་ཟླུམ་པ་ནི།།འཁོར་གདུལ་བྱས་གླིང་བཞི་འཁོར་བའི་བརྡ།། ཞྭའི་ཕྱིང་ཤ་སྲབ་ལ་དྭངས་པ་ནི།། ཞྭ་གྱོན་ན་རིག་ཁམས་དྭངས་པའི་རྟགས།། ཞྭའི་ནང་རྫོང་དར་ལས་གྲུབ་པ་ནི།། ནང་རླུང་སེམས་རང་དབང་འབྱོར་བའི་རྟགས།། ཞྭའི་ནང་དུ་རྟེན་གསུམ་བཞུགས་པ་ནི།། ཞྭ་འདི་གྱོན་འགྲོ་དོན་འབྱུང་བའི་བརྡ།། རྗེ་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི།། ཞྭ་བྱིན་ལྡན་འཛམ་གླིང་ཉི་ཤར་འདི།། མགོན་བཀའ་བརྒྱུད་བླ་མའི་ཕོ་བྲང་ཡིན།། དཔལ་ཡི་དམ་རྒྱ་མཚོའི་དཀྱིལ་འཁོར་ཡིན།། མ་མཁའ་འགྲོ་བྱེ་བའི་བླ་གནས་ཡིན།། དཔའ་དགྲ་བླ་འབུམ་གྱི་རྟེན་མཁར་ཡིན།། ཤར་གླིང་དཀར་སྟོད་ཀྱི་གཡང་རྟེན་ཡིན།། ཞྭ་འདི་ལ་དཔེ་ལེན་སུས་བྱས་ན།། དེ་གྱོན་པའི་མི་ཡི་དོན་གཉིས་འགྲུབ།། ཞྭ་འདི་འདྲ་མིག་གིས་མཐོང་གྱུར་ན།། ལས་རྟེན་འབྲེལ་ལེགས་ཚོགས་ངང་གིས་རྒྱས།། ཞྭ་འདི་ལ་དགའ་གུས་སུས་བྱས་ན།། ཚེ་བསོད་ནམས་རླུང་རྟ་གོང་དུ་འཕེལ།། ཞྭ་འདི་འདྲ་རྒྱུན་དུ་སུས་གྱོན་ན།། དཔལ་རྒས་མེད་ཚེ་ཡི་ལངས་ཚོ་ཐོབ།། ཞྭ་འདི་ལ་གཙིགས་ཆེན་སུས་བྱས་ན།། ཆོས་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ།། ཞྭ་འདི་འདྲ་རྟེན་དུ་སུས་བཀུར་བ།། དཔལ་ཕུན་ཚོགས་སྡེ་བཞིའི་ཕྱྭ་གཡང་འཁོར།། ཞྭ་འདི་འདྲ་གྱོན་ན་བྱ་ལས་འགྲུབ།། ཞྭ་འདི་འདྲ་གྱོན་ན་བར་ཆད་སེལ།། ཞྭ་འདི་འདྲ་གྱོན་ན་དགྲ་གྱོད་ཞུ།། ཞྭ་འདི་འདྲ་གྱོན་ན་མཐུ་བྱད་བཟློག། ཞྭ་འདི་འདྲ་གྱོན་ན་ཁ་ལས་དགེ།། རྗེ་བླ་མས་མནབ་ན་མཛད་འཕྲིན་རྒྱས།། སྟག་ཤ་རས་གྱོན་ན་རླུང་རྟ་དར།། སྨན་བུ་མོས་གྱོན་ན་སྙན་གྲགས་འཁོར།། ཆུང་བྱིས་པས་གྱོན་ན་ཤེས་རིག་བཀྲ།། ཕྱུགས་རྫི་བོས་གྱོན་ན་ཕྱྭ་གཡང་འཁོར།། ཚོང་ཁེ་བས་གྱོན་ན་མཁོ་རྒུ་འགུག། མི་སུ་ཡིས་གྱོན་ཡང་ཅི་བསམ་འགྲུབ།། དེ་སེང་ཆེན་ལྷ་ཡི་བླ་མ་དང་།། མ་མཁའ་འགྲོའི་ཐུགས་བརྩེ་མྱུར་བས་ཡིན།། ཞྭ་བཀྲ་ཤིས་དཀར་པོའི་བཤད་པ་འདིའི།། དོན་ཅི་བཞིན་བསླུ་བ་མེད་པ་ནི།། ཆོས་རྟེན་འབྲེལ་ཆེན་པོའི་གནད་གསང་དང་།། སྨན་ནེའུ་ཆུང་ལྷ་མོའི་བདེན་ཚིག་ཡིན།། སྤྱིར་དབུ་ཞྭ་འཛམ་གླིང་ཉི་ཤར་འདིའི།། ཕྱི་ནང་དང་གསང་བའི་ཡོན་ཏན་རྣམས།། ལྕེ་བརྒྱ་རུ་སྤྲུལ་ནས་བཤད་ན་ཡང་།། བརྗོད་དཀའ་མོད་འདི་རུ་བསྡུས་ཙམ་ཡིན།། ཞྭ་དཀར་པོའི་བརྡ་དོན་གླུ་དབྱངས་འདིས།། གླིང་དཀར་པོའི་བསྟན་པ་རྒྱས་པར་ཤོག། ཅེས་གསུངས་སོ།། གྲོགས་མཆོག་མཁར་རེའི་གེ་སར་རྟ་རྫི་ཡིས།། ཞྭ་བཤད་ཕྲིས་ཞེས་སྐུལ་མས་རྐྱེན་བྱས་ཏེ།། བདེན་གྲུབ་ཅོ་གའི་དྲུག་འགྱུར་དབྱངས་སྒོ་ནས།། གླུ་འདི་སྨིན་དབུས་ཨ་དཀར་མིང་གིས་རྙེད།།  དགེ་འོ་དགེའོ་ཀུན་ཏུ་བཀྲ་ཤིས་ཤོག།