རྒས་སླ་བའི་རྒྱུ་རྐྱེན་གཙོ་བོ་དྲུག

རྩོམ་པ་པོ།   དུས་ཚོད།   2018-12-23   རྩོམ་ཁུངས།   


      ༡ ཆང་དང་ཐ་མག་གཉིས་བསྟེན་དྲགས་ན་མྱུར་དུ་རྒས་འགྲོ་བར་གསར་རྟོགས་བྱུང་ཡོད། ཐ་མག་གིས་གློ་ནད་བརྒྱུད་དེ་དོན་ལྔ་སྣོད་དྲུག་གི་ནུས་པ་རང་འགགས་སུ་བཏང་ནས་རྒས་སླ་མོར་བཟོ་བཞིན་ཡོད་པ་དང་། ཆང་གིས་དེ་བཞིན་མཆིན་ནད་བརྒྱུད་དེ་ཚེ་ཇེ་ཐུང་དང་རྒས་སླ་མོར་གཏོང་གིན་ཡོད།

  ༢   རྒྱུན་པར་ཁོང་ཁྲོ་ལངས་ནས་འདུག་མཁན་དང་། གཞན་ལ་ཕྲག་དོག་དང་གནོད་སེམས་ཆེ་མཁན་དག་གིས་རང་ཉིད་ནད་མེད་ནད་ཅན་དུ་གཏོང་བ་དང་། གཞན་ལ་གནོད་མི་ཐུབ་ཅིང་རང་གི་སེམས་མི་སྐྱིད་ལ། དྲན་རྒྱུ་དང་ལས་རྒྱུ་མང་བས་ལུས་སེམས་ལ་གནོན་ཤུགས་སྤྲད་རྐྱེན་མྱུར་དུ་རྒས་སླ་བར་ཤེས་རྟོགས་བྱུང་།

  ༣  འཚོ་བ་ལ་ངེས་གཏན་མེད་པར་མཚན་མོ་ཡུན་རིང་ལ་མི་གཉིད་མཁན་དག་ཀྱང་རྒས་སླ་བ་ཡིན། འཚོ་བ་ངེས་གཏན་མེད་པ་ནི་དུས་ལྟར་དུ་ཟས་མི་བསྟེན་པ། ནངས་ཟས་མི་བཟའ་བ། དགོང་ཟས་མང་དྲགས་པ། གུང་ཟས་དུས་ཡོལ་ནས་བཟའ་བ། སྔ་ལངས་སྔ་ཉལ་ལ་གཏན་འཁེལ་མེད་པ། ཟས་བཟང་ངན་དང་དྲོ་གྲང་མེད་པར་གང་བྱུང་དུ་བཟའ་བ། ལས་ཀ་ལ་ཚོད་འཛིན་མེད་པ། གཙང་སྦྲ་དུས་ལྟར་མི་བྱེད་པ་སོགས་ཀྱང་རྒས་སླ་བའི་དོན་རྐྱེན་དུ་འགྱུར་བཞིན་པ་ཤེས་རྟོགས་བྱུང་།

      ༤   སྨན་ཡུན་རིང་བསྟེན་མཁན་དང་། རང་གིས་རང་ལ་ཡིད་ཆེས་མེད་པ་དང་། རེ་ཐག་ཆད་ནས་འདུག་མཁན་དག་ཀྱང་རྒས་སླ་བ་ཡིན། དམིགས་བསལ་ནད་ལ་ཕན་པའི་ཉེར་མཁོའི་སྨན་མ་ཡིན་པར་སྨན་མང་པོ་རྒྱུན་པར་འཐུང་བ། བྱ་བ་གང་བསྒྲུབས་ཀྱང་རང་ལ་ཡིད་ཆེས་མེད་པར་རེ་ཐག་ཆད་ནས་འདུག་ཅིང་། ཀླད་པ་མི་འགུལ་བར་སྒྱིད་ལུག་ནས་འདུག་པ་དག་ཀྱང་རྒས་སླ་བ་རྟོགས་ཡོད།

  ༥   ཁེར་རྐྱང་གི་འཚོ་བ་རོལ་མཁན་དང་བྱ་འགུལ་སྣ་ཚོགས་ལ་མི་ཞུགས་མཁན་དག་ཀྱང་རྒས་སླ་བ་ཡིན། རྒྱུན་པར་གྲོགས་པོ་དང་ཡང་ན་ཟླ་རོགས་དང་ལས་གྲོགས་དག་གཅིག་ཀྱང་མི་འཚོལ་མཁན། མི་གཞན་ལ་འབྲེལ་འདྲིས་བྱེད་པར་མི་སྤྲོ་བར་ཁེར་རྐྱང་དུ་འཚོ་བ། ཁེར་རྐྱང་དུ་འགྲོ་བ། ཁེར་རྐྱང་དུ་འདུག་པ། མི་མང་འདུས་ས་དང་དགའ་སྤྲོའི་འདུ་ར་སོགས་ལ་བག་ཡངས་སུ་མི་འགྲོ་མཁན་ཏེ། རྒྱུན་དུ་རྩེད་དགོད་མི་བྱེད་པར་ངལ་དུབ་སེ་འདུག་མཁན་དག་ཀྱང་རྒས་སླ་བར་ཤེས་རྟོགས་བྱུང་།

       ༦ རྒྱུན་པར་རང་གི་འཚོ་བར་ཡིད་མི་ཚིམས་པར་འགྲུབ་རྒྱུ་མེད་པའི་ཧམ་སེམས་ཆེན་པོས་རང་གི་སེམས་ཀྱི་ངལ་གསོ་དང་ལྷིང་འཇགས་ཀྱི་བདེ་སྐྱིད་དེ་འཕྲོགས་ནས། རྒྱུན་དུ་སེམས་ཁམས་ལ་གནོན་ཤུགས་བྱིན་ནས་འདུག་མཁན་དག་ཀྱང་རྒས་སླ་བ་ཡིན། མི་ཞིག་ལ་མཚོན་ན་མིག་སྔར་གྱི་འཚོ་བ་ནི་ཆེས་བདེ་སྐྱིད་ལྡན་པར་ངོས་འཛིན་ཐུབ་དགོས།