དབུ་ཤོག >> ས་གནས་གསར་འགྱུར།
མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་མཁན་དབང་འདུས་ལགས།
རྩོམ་པ་པོ། དུས་ཚོད། 2018-12-18 རྩོམ་ཁུངས།

བདེ་ཆེན་ཡུལ་དུ་པི་ཝང་ཟེར་ཡོང་དུས་ཐོག་མར་ཡིད་ལ་འཁོར་ཡོང་བ་ནི་འཇོལ་རྫོང་གི་པི་ཝང་ཡིན་མོད།   ཡིན་ན་ཡང་སེམས་ཀྱི་ཉི་ཟླའི་ལྔ་ཤོག་ཤང་ཡང་པི་ཝང་དར་ཆེ་བའི་ས་ཆ་ཞིག་ཡིན་ལ།  པི་ཝང་གི་གཞས་ཚིག་དང་།  ཞབས་བྲོའི་ཉམས་འགྱུར་སོགས་ལ་འཇོལ་རྫོང་དང་འདྲ་ས་ཡོད་ཅིང་།   གཞན་དང་མི་མཚུངས་པའི་རང་ས་གནས་ཀྱི་ཁྱད་ཆོས་ཡང་མངོན་གསལ་ལྡན་པ་རེད།     ཁོར་ཡུག་དང་འཚོ་སྡོད་ཀྱི་རྣམ་པ་མི་འདྲ་བ་ལ་བརྟེན་ནས་གཞས་ཚིག་གི་ནང་དོན་ལ་ཡང་རང་རང་སོ་སོའི་ཁྱད་ཆོས་ལྡན་ཡོད།  


སེམས་ཀྱི་ཉི་ཟླའི་ལྔ་ཤོག་ཤང་དུ་འཚོ་སྡོད་བྱེད་པའི་རྒན་དབང་འདུས་ལགས་ནི་ད་ལོར་ལོ63ལ་སླེབས་པ་དང་།   ཁོང་གི་ཁྱིམ་དུ་ཐོན་པ་ན་གྱང་ངོས་སུ་པི་ཝང་སྟར་ཕྲེང་བསྒྲིགས་ནས་བཀལ་ཡོད་པ་མཐོང་ཐུབ།   ཤེས་དགོས་པ་ཞིག་ལ་པི་ཝང་རེ་རེ་ནི་ཁོང་གི་ལག་རྩལ་བརྒྱུད་ནས་བཟོས་པ་ཤ་སྟག་རེད།   ལོ་15ལོན་པའི་ལོ་དེར་རྒན་དབང་འདུས་ལགས་ཀྱིས་པི་ཝང་དཀྲོལ་བར་སློབ་སྦྱོང་བྱས་ཤིང་།   སྐབས་དེར་ཨ་མས་པི་ཝང་གི་སྒྲས་སུན་སྣང་བཟོ་བར་དོགས་ནས་སྐུད་པ་བཅད།    པི་ཝང་སློབ་རྒྱུར་དགའ་དྲགས་ན་ཡང་གསར་བ་ཞིག་ཉོ་རྒྱུའི་ཆ་རྐྱེན་མེད་པས།   ཁོས་རང་གི་ལག་ཟུང་འགུལ་ནས་པི་ཝང་ལས་འགོ་བརྩམས།    ཁོས་ཐེངས་མང་པོ་ཞིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་མཐར་རྗེས་སུ་དངོས་ནས་པི་ཝང་བཟོ་ཤེས་པར་གྱུར།  


རྒན་དབང་འདུས་ལགས་ཀྱིས་བཤད་ན།   པི་ཝང་བཟོ་དུས་རྒྱུ་ཆ་འདེམས་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།   པི་ཝང་ལས་སྒྲ་སྙན་མོ་ཞིག་ཐོན་པར་བཟོ་མཁན་རང་ཉིད་ཀྱིས་བསམ་བློ་ངེས་ཅན་ཞིག་གཏོང་དགོས།    ཁོས་རྣམ་དག་དང་ཞིབ་མོས་བཟོས་པའི་པི་ཝང་ལ་ཉེ་འཁོར་གྱི་གྲོང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་།    ཁོས་བཟོས་པའི་པི་ཝང་མང་པོ་ཞིག་ནི་ཉི་ཤར་ཤང་དང་ཀོང་རྩེད་རའི་ཕྱོགས་སུ་འཚོང་བཞིན་ཡོད།  

པི་ཝང་བཟོ་བའི་གོ་རིམ་ཁྲོད་དུ་མཚམས་ལ་ལེར་དཀའ་ལས་མི་ཉུང་བ་ཞིག་ལ་འཕྲད་ན་ཡང་།   གོ་རིམ་དེའི་ཁྲོད་དུ་པི་ཝང་གིས་ཁོ་ལ་དགའ་སྤྲོའི་ཚོར་བ་མང་པོ་ཞིག་ཀྱང་ཉམས་སུ་མྱོང་དུ་འཇུག་གི་ཡོད།    ཆུང་དུས་བརྙན་འཕྲིན་མེད་པས་ཀུན་གྱིས་པི་ཝང་དཀྲོལ་ནས་གླུ་ལེན་གར་རྩེད་བྱེད་པ་དང་།    དེ་དུས་ཀྱི་འཚོ་བ་དངོས་ནས་བརྗེད་ཐབས་མི་འདུག་ཟེར།      དེང་སྐབས་རྒན་དབང་འདུས་ལགས་ཀྱིས་པི་ཝང་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཞིག་སེམས་ལ་བཅང་ཡོད།    དེང་སྐབས་པི་ཝང་དཀྲོལ་ཤེས་པའི་མི་སྣ་ཇེ་ཉུང་དུ་སོང་ཡོད་པར་ཁོ་བོས་སེམས་ཁུར་བྱེད་ཀྱི་ཡོད།   


པི་ཝང་ལ་བཅང་བའི་བརྩེ་སེམས་དེའི་ཕྱིར་དུ།   ཁོང་གིས་གྲོང་ཚོའི་ནང་དུ་པི་ཝང་དཀྲོལ་ལེན་རུ་ཁག་ཅིག་བཙུགས་ཡོད་པ་དང་།      དང་ཐོག་མི་སྣ4ལས་མེད་ན་ཡང་།   རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་ནས་ད་ལྟ་མི20ལྷག་ལ་འཕར་ཡོད་ཅིང་།   ངལ་གསོའི་དུས་ཚོད་བྱུང་བ་ན་ཁོ་ཚོས་མཉམ་དུ་པི་ཝང་དཀྲོལ་ལེན་གྱི་ཕྱོགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད།    རང་གི་འབད་བརྩོན་འོག     ཁོང་ཚོའི་རུ་ཁག་ལ་ལྔ་ཤོག་ཤང་གི་དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་བྱེད་སྒོའི་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།   


རྒན་དབང་འདུས་ལགས་ཀྱིས་ན་གཞོན་མང་པོ་ཞིག་གིས་རང་གི་མེས་པོའི་དུས་ནས་བརྒྱུད་ཡོང་བའི་པི་ཝང་སྒྱུ་རྩལ་འདི་ལ་སློབ་སྦྱོང་དང་དཀྲོལ་ལེན་གྱི་ཤེས་བྱ་ཁོང་དུ་ཆུད་ན་བསམ་ཡོད།   གཟའ་མཇུག་གི་དུས་ཚོད་ནང་ཁོ་རང་ལྔ་ཤོག་ཤང་སློབ་ཆུང་དུ་སོང་ནས་ས་དེ་གའི་སློབ་ཕྲུག་རྣམས་ལ་པི་ཝང་དཀྲོལ་ལེན་གྱི་སློབ་ཁྲིད་བྱེད་ཀྱི་ཡོད།     སྤྱིར་ན་སློབ་ཁྲིད་བྱེད་ཡུན་ཆུ་ཚོད་གཅིག་ལས་མེད་པ་དང་སློབ་མ་ཡང22ལས་མེད་ན་ཡང་།    སློབ་སྦྱོང་གི་གོ་རིམ་ཁྲོད་ནས་སློབ་ཕྲུག་ཚོས་པི་ཝང་ནི་ཅི་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་།  པི་ཝང་སྦྱོང་བའི་སྤྲོ་སེམས་ཇེ་ཆེར་གྱུར་ཡོད་ལ།   རྒན་དབང་འདུས་ལགས་ཀྱིས་འབད་བརྩོན་ལྷོད་མེད་འོག་སློབ་ཕྲུག་ཚོ་ལ་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད།