དབུ་ཤོག >> རྒྱལ་ཕྱི་ནང་གསར་འགྱུར།
བོད་དུ་ལོ་ཁྲི་༤ཡི་སྔོན་ནས་མིའི་རིཊ་ཡོད་པ་བདེན་དཔང་བྱས་འདུག
རྩོམ་པ་པོ། དུས་ཚོད། 2018-12-05 རྩོམ་ཁུངས།

        སྤྱི་ཟླ་༡༡ཚེས་༣༠ཉིན་གྱི་སྔ་དྲོར། ཀྲུང་གོའི་ཚན་རིག་གླིང་དང་རྒྱལ་ཁབ་རིག་དངོས་ཅུད་གཉིས་ཀྱིས་མཉམ་འབྲེལ་ངང་རིག་གཞུང་ཞིབ་འཇུག་གི་འབྲས་བུ་གལ་ཆེན་ཞིག་གི་གསལ་བསྒྲགས་བྱས་ཡོད་ཅིང་། དེས་ལོ་ཁྲི་༤ཡི་སྔོན་བོད་ལྗོངས་བྱང་ཐང་ན་མིའི་རིགས་ཡོད་པ་བདེན་དཔང་བྱས་འདུག


        དེ་ཡང་གནའ་དཔྱད་རིག་པའི་མཁས་པས་བོད་བྱང་ཐང་མཐོ་སྒང་ནས་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་ཏེ། ཉའུ་དེའུ་གནའ་ཤུལ་(Nwya Devu)ལས་ལོ་ངོ་ཁྲི་༤ནས་ཁྲི༣སྔོན་ལ་མཚོ་བོད་མཐོ་སྒང་གི་ས་བབ་ཆེས་མཐོ་བའི་ཁོར་ཡུག་ན་འགྲོ་བ་མིའི་རིགས་ཡོད་པའི་ཤུལ་རྗེས་གསལ་བོར་ཡོད་པ་བདེན་དབང་བྱས་པ་རེད།


        སྤྱི་ཟླ་༡༡ཚེས་༣༠ཉིན་གྱི་ཐོ་རེངས་སྐབས་སུ། རང་རྒྱལ་ཀྱི་མཁས་པ་ཆེན་པོ་ཀྲང་ཞོ་ལིན་དང་ཝང་ཧྲེ་ཅང་། ཀོ་ཞིན་སོགས་ཀྱིས་བརྩམས་པའི་ཉའུ་དེའུ་གནའ་ཤུལ་གྱི་འབྲེལ་ཡོད་ཀྱི་ཞིབ་འཇུག་དཔྱད་རྩོམ་ཞིག་ཨ་རིའི་ཚན་རིག་(Science)དུས་དེབ་སྟེང་སྤེལ་ཞིང་། རིག་གཞུང་གི་སྡེ་ལ་མཚོ་བོད་མཐོ་སྒང་གི་དཀྱིལ་ནས་ཆེས་སྔ་བའི་རྡོ་ཆས་རྙིང་མའི་དུས་སྐབས་སུ་འགྲོ་བ་མིའི་རིགས་ས་བབ་ཆེས་མཐོ་སར་འཚོ་སྡོད་བྱས་པའི་བདེན་དཔང་དྲིལ་བསྒྲགས་བྱས་པ་རེད།
        ཉའུ་དེའུ་གནའ་ཤུལ་ཡོད་ས་དེའི་ས་བབ་མཐོ་ཚད་ལ་སྨི་༤༦༠༠ཡིན་པ་དང་། གཞི་ཁྱོན་ཆེས་ཆེ་བ་དང་རྡོ་བཟོའི་རྒྱུ་རྫས་འདུས་ཚད་ཆེས་མང་བ། སའི་ཆགས་རིམ་སྟུག་པའི་རྡོ་ཆས་རྙིང་མའི་ས་སྟོང་གནའ་ཤུལ་ཞིག་རེད། དེ་ནི་མཚོ་བོད་མཐོ་སྒང་ན་ཆེས་སྔ་བ་དང་། འཛམ་གླིང་གི་ཁྱོན་ཡོངས་ནས་ཆེས་མཐོ་བའི་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་ཡིན་པ་དང་། ས་འོག་ནས་རིག་གནས་རྣམ་པ་ཅན་གྱི་ཁྱད་ཆོས་ལྡན་པའི་རྡོ་ཆས་མང་པོ་སྔོག་འདོན་བྱས་ཏེ། རིག་གཞུང་གི་སྡེ་དང་དམངས་སྤྱི་ལ་མཚོ་བོད་མཐོ་སྒང་ན་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་པའི་ལོ་རྒྱུས་དང་གནའ་མི་ཚོ་ས་བབ་ཆེས་མཐོ་སའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་ཡོད་པ་དེ་ཤེས་སུ་བཅུག་པ་རེད།


        གྲུབ་འབྲས་ཆེན་པོ་འདི་ནི་ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་ཀའོ་ཞིན་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། ལོ་མང་པོའི་རིང་ལ་བརྟག་དཔྱད་དང་རྐོ་འཚོལ། ཞིབ་འཇུག་བྱས་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན་པས། དཀའ་ཁག་མང་པོ་ཞིག་བརྒྱུད་ནས་བྱུང་པའི་རྙེད་དཀའ་བའི་གྲུབ་འབྲས་ཤིག་རེད།
        རང་རྒྱལ་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཞོན་པ་སུང་ཤིན་ཁྲའོ་ལགས་ཀྱིས་གསལ་བསྒྲགས་ཚོགས་འདུའི་ཐོག་ཞིབ་འཇུག་གྲུབ་འབྲས་གལ་ཆེན་འདི་ལ་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་གསུང་རྒྱུར། ཉའུ་དེའུ་གནའ་ཤུལ་ནི་རྒྱལ་ཁབ་རིག་དངོས་ཅུད་ཀྱིས་༢༠༡༦ལོར་ཆོག་མཆན་གནང་བའི་གནའ་རྫས་སྔོག་འདོན་བྱེད་པའི་རྣམ་གྲངས་ཤིག་ཡིན་པ་དང་། བོད་ལྗོངས་ས་ཁུལ་དུ་རྡོ་ཆས་རྙིང་མར་ཞིབ་འཇུག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་ལ། འཛམ་གླིང་ཁྱོན་ཡོངས་ནས་འགྲོ་བ་མིའི་རིགས་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་སྡོད་བྱས་པའི་ཆེས་སྔ་བའི་བདེན་དཔང་ཞིག་ཀྱང་ཡིན། གནའ་རྫས་རྟོག་ཞིབ་རིག་པས་མིའི་རིགས་ཀྱི་འདས་ཟིན་པར་ཞིབ་འཇུག་བྱེད་པ་དམིགས་སུ་བཟུང་ནས། མིའི་རིགས་གང་ནས་ཡོང་བའི་སྐོར་ལ་རྒྱུས་ལོན་བྱེད་པ་དང་། ཉའུ་དེའུ་གནའ་ཤུལ་ཁྲོད་བྱུང་བའི་རྡོ་ཆས་འདི་དག་གིས་ང་ཚོས་སྔོན་མ་ནས་རྒྱུས་ལོན་བྱས་པའི་ཤེས་པ་ལ་འགྱུར་ལྡོག་བཏང་པ་རེད། ཐོག་མའི་དུས་ཀྱི་དེང་རབས་མིའི་རིགས་ཀྱིས་ཚད་མཐོ་བའི་ཁོར་ཡུག་ལ་སྒྱུར་བཀོད་གཏོང་པའི་ནུས་པར་རྟོག་ཞིབ་གནང་བ་དང་། གནའ་བོའི་མིའི་རིགས་ཀྱིས་གནས་སྤོ་བ་དང་རིག་གནས་འབྲེལ་འདྲེས་བྱེད་པ་སོགས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན། དོན་སྙིང་འདིའི་སྟེང་བཤད་ན། རྡོ་ཆས་རྙིང་མའི་གནའ་ཤུལ་གྱི་རིག་གཞུང་རིན་ཐང་དང་དོན་སྙིང་དེ་གནའ་ཤུལ་དང་བང་སོ་ལས་ཞན་པ་ཞིག་མ་ཡིན། དེ་བས་ང་ཚོར་སྤྱི་ཚོགས་དང་སྤྱི་དམངས་ལ་དེའི་སྐོར་གསལ་འགྲེལ་དང་དེའི་དོན་སྙིང་ལྡན་པའི་གལ་ཆེའི་རིང་བཞིན་བརྒྱུད་བསྒྲགས་བྱེད་པའི་ལས་འགན་ཡོད།