དབུ་ཤོག >> རྩོམ་རིག
ངས་ཕ་ཡུལ་གྱི་ཕྱོགས་ནས་འཕུར་ཡོང་བའི་བྱ་ཁྱུ་དེར་སྒུག་ཡོད།
རྩོམ་པ་པོ། དུས་ཚོད། 2018-12-03 རྩོམ་ཁུངས།

        

        ཉི་འོད་འཇམ་ཡང་དྲག་རླུང་རབ་ཏུ་རྒོད་པའི་ཕྱི་དྲོ་དེར།  ང་སྔར་བཞིན་ཁྱིམ་ལ་འགྲོ་ཞོར་དུ་ལམ་འོག་གི་སྒང་འབུར་དེར་བུད་ནས་ནགས་ཕག་མཚོའི་ཕྱོགས་ལ་བལྟས་པ་ཡིན། འོན་ཀྱང་གཟིག་རི་རྩྭ་ཐང་དེ་སྔར་བཞིན་ནགས་ཕག་མཚོའི་ཆུ་ཡིས་གང་ཡོད་ལ། གཤོག་རྩལ་རྒོད་པའི་བྱ་ཁྱུ་དེ་ཡང་སྔར་བཞིན་མཐོང་རྒྱུ་མི་འདུག 

        གསར་མདོག་གི་སྡོང་ལོ་དེ་ལྷུང་ནས་ཟླ་ཕྱེད་ལྷག་འགོར་ལ། སྒེའུ་ཁུང་ཕྱི་རོལ་གྱི་རྩིས་འདང་མེད་པའི་མེ་ཏོག་དེ་ཡང་བསྐམས་ནས་ཉིན་འགའ་འགོར་སོང་། འོན་ཀྱང་བྱ་ཁྱུ་དེའི་གཟུགས་ཙམ་ཡང་མཐོང་ལམ་གྱིས་མི་ཟིན་པའི་རྒྱུ་མཚན་ཅི་ཡིན་ནམ། 

        འདི་ལྟར་ང་ཉི་འོད་དང་གྲིབ་མའི་མཚམས་སུ་ལངས་ནས་ནུབ་རིའི་ཕྱོགས་སུ་བལྟས་པ་ན།ནུབ་ཁའི་ཉི་མའི་འོད་འདངས་དྲག་པོ་དེ་བྲེལ་འཚུབ་གྱིས་རི་རྒྱབ་དུ་ཡལ་ཞིང་། རྟ་ཕོ་ལ་ཞོན་པའི་ལུག་རྫི་དེ་ཡང་ལུག་ཁྱི་དང་མཉམ་དུ་ཡུལ་སྲུང་སྡེ་བའི་ཕྱོགས་སུ་ཞོགས་སོང་།  ནགས་ཕག་མཚོའི་ལྷགས་རླུང་གིས་རྡབ་པའི་རླབས་ཀྱི་འཕྲེང་བ་རེ་རེ་ཤུགས་ཀྱིས་ཕར་ཁའི་བྲག་རྩར་ཡང་དང་བསྐྱར་དུ་སྡེབ་བཞིན་ཡོད་ལ། རླབས་སྒྲ་དེ་ཡང་སྔར་ལས་ཇེ་ཆེ་ཡིན་པའི་སྣང་བ་ཞིག་ངང་གིས་སྐྱེས་ཡོང་། དེ་ཡང་ནགས་ཕག་མཚོའི་དབྱར་དགུན་ཁྱད་མེད་ཀྱི་མཚོ་བྱ་འགའ་རེ་ཡང་མཚོ་མོའི་ཟུར་ཞིག་ཏུ་མ་འདུ་བུ་འདུ་བྱས་པ་ན། སྒང་འབུར་གྱི་མགོ་ན་འཁུམས་ནས་སྡད་ཡོད་པའི་ང་ལ་ཁྱེར་རྐྱང་གི་སྣང་བ་ཞིག་དྲག་ཏུ་འཕྱུར་བྱུང་།

        རྒྱང་མིག་ཆད་པའི་ས་སྲོད་འདིར། དགུན་སྟོད་ཀྱི་ལྷགས་རླུང་བཙན་པོ་ཞིག་ངའི་སྒལ་གཞོང་བརྒྱུད་ནས། གཡུ་རལ་ལྟ་བུའི་སྐྲ་ལོ་དེ་ཤུག་ཤུག་ཏུ་བསྐྱོད་པ་ན། ངས་སོ་འདར་ཅིག་དང་མཉམ་དུ་རྒྱལ་ཐང་གི་དགུན་ཟླ་བསུ་དགོས་བྱུང་། སྐད་གཅིག་དེར་ངས་སླར་ཡང་ཕ་ཡུལ་ཨ་མདོའི་རྩྭ་ཐང་གི་བྱ་ཁྱུ་དེ་དྲན་བྱུང་ལ། མེ་ཏོག་དང་ལུག་ཁྱུ་འདྲེས་པའི་དབྱར་གཞུང་གི་རྩྭ་ཐང་དེ་ལྷག་ཏུ་དྲན་བྱུང་།

      འདི་ལྟར། ངས་གྱེས་འདོད་མེད་པའི་སྒང་འབུར་འདིའི་མགོ་ནས། ལོ་རྒྱུན་ངའི་ཕ་ཡུལ་གྱི་ཁྲུང་ཁྲུང་འཕུར་ཡོང་སའི་ཕྱོགས་སུ་ཡང་ནས་ཡང་དུ་བལྟས་མོད། ལྷབ་ལྷུབ་ཏུ་རྡབ་པའི་གཤོག་ཟུང་དེ་མིག་གིས་མི་ཟིན་ལ། སྙན་འཇེབས་ཀྱི་མགྲིན་གླུ་དེ་ཡང་ཐོས་འཛིན་གྱིས་མི་ཟིན་པ་རེད། འོན་ཀྱང་ཕ་ཡུལ་ཀྱི་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་དེ་ངའི་ཕྱོགས་སུ་བསྒྱུར་ཡོང་བཞིན་ཡོད་པ་ངར་ཡིད་ཆེས་ཡོད་ལ། རྩྭ་ཐང་ནས་འདབ་ལག་རྒྱས་པའི་བྱ་ཕྲུག་དེ་དག་ཡང་གཤོག་རྩལ་རྫོགས་ཡོད་པར་ངར་རེ་སྒུག་ཡོད། དེ་ཡང་ངའི་རེ་སྒུག་དང་ཁྱེར་རྐྱང་གི་ཉིན་གཅིག་འདི་ལྟར་མཇུག་རྫོགས་ལ།  གློག་འོད་མག་མོག་གི་གཞུང་ལམ་དེ་བརྒྱུད་ནས། ལྗིད་ཏིག་གི་གོམ་ཁ་རང་ཤག་གི་ཕྱོགས་སུ་མི་བསྒྱུར་ཐབས་མེད་བྱུང་།