བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་འགྲོ་བ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་མིང་ཐོར་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-03   རྩོམ་ཁུངས།    མི་དམངས་དྲ་བ།

        2018ལོའི་ཟླ་11ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་(གཤམ་དུ་ཨུ་ཡོན་ལྷན་ཁང་ཞེས་འབོད་རྒྱུ)གི་རྒྱུན་ལས་ཚོགས་འདུ་སྐབས་བཅུ་གསུམ་པ་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁ་རུ་འཚོགས་པ་དང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་28ཉིན་གྱི་ཕྱི་དྲོར། ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་ཞིབ་བཤེར་བྱས་པ་དང་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་སྟེ། ཀྲུང་གོས་རེ་ཞུ་བྱས་པའི"བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཏེ། ཀྲུང་གོ་བོད་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན་སྐོར"མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་མིང་ཐོར་(གཤམ་དུ་མཚོན་བྱེད་མིང་ཐོ་ཞེས་འབྲི་རྒྱུ)བཀོད་པ་རེད།

        བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི་བོད་མི་རིགས་ཀྱི་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་ཡི་ཚེ་སྲོག་གི་ལྟ་བ་དང་། རླུང་མཁྲིས་བད་ཀན་བཅས་ཉེས་པ་གསུམ་གྱི་བདེ་ཐང་གི་ལྟ་བ་དང་དེ་བཞིན་ནད་གཞིའི་ལྟ་བ་མཛུབ་སྟོན་བྱས་ཤིང་། རང་བྱུང་ཆུ་ཚན་དང་སྨན་སྣ་གདུས་པའི་ཁུ་བའམ་རླངས་པས་ཁྲུས་བྱས་པ་བརྒྱུད། ལུས་སེམས་སྙོམ་སྒྲིག་དང་། ཚེ་སྲོག་བདེ་ཐང་། ནད་གཞི་འགོག་བཅོས་བྱེད་པའི་སྲོལ་རྒྱུན་གྱི་ཤེས་བྱ་དང་ལག་ལེན་ཞིག་ཡིན། ཤུལ་བཞག་རིག་གནས་འདི་ཡིས་མང་ཚོགས་ཀྱིས་ཁྲུས་བྱས་པ་བརྒྱུད་ནས་ནད་འགོག་པ་དང་ནད་བཅོས་པའི་དམངས་ཁྲོད་ཀྱི་ཉམས་མྱོང་བསྟན་ཡོད་ལ། 《གསོ་རིག་རྒྱུད་བཞི་》མཚོན་བྱེད་དུ་གྱུར་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་དེང་རབས་ཀྱི་བདེ་ཐང་ལག་ལེན་ཁྲོད་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱང་ཡིན་འདུག 

        གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལུམས་བཅོས་ནི་མཚོ་བོད་མཐོ་སྒང་གི་ཡར་ཀླུང་ཁོག་དང་ཙོང་ཁ་རྒྱུད་ཀྱི་བོད་རིགས་ཞིང་འབྲོག་ཁུལ་གཙོར་བྱས་ནས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་ཁུལ་ཁག་དུ་རྒྱ་ཁྱབ་ངང་དར་ཡོད་ཅིང་། དེས་བོད་རིགས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཤུལ་བཞག་རིག་གནས་འདིའི་ནང་བོད་ཀྱི་གནམ་རིག་སྐར་རྩིས་དང་རང་བྱུང་དངོས་མང་། མཛད་སྒོ་དང་དད་མོས། ཀུན་སྤྱོད་ཚད་གཞི། འགྲོ་ལུགས་འདུག་སྟངས། ཟ་ལུགས་འཐུང་སྟངས་སོགས་སྲོལ་རྒྱུན་གྱི་ཤེས་བྱ་འདུས་ཡོད་ལ། དུས་མཉམ་དུ་བོད་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད། ལོ་རྒྱུས་སྙན་ངག  ཟློས་གར། ལྷ་རིས་སོགས་རིག་གནས་མཚོན་བྱེད་སྣ་མང་བརྒྱུད་ནས་རྒྱ་ཆེར་དར་བ་ཞིག་ཡིན། དེས་བོད་རིགས་མི་དམངས་ཀྱི་རྒྱུན་སྐྱོང་བའི་མོས་སེམས་ལ་སྐུལ་སློང་བྱས་ཡོད་པ་མ་ཟད། མིའི་རིགས་ཀྱི་བདེ་ཐང་ཤེས་བྱ་དང་ལག་ལེན་ཕུན་སུམ་ཚོགས་པོ་བཏང་ཡོད་པས། འཛམ་གླིང་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་གསར་གཏོད་ནུས་པ་ར་སྤྲོད་བྱས་ཡོད། 

        བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་མཚོན་བྱེད་མིང་ཐོར་བཀོད་པ་དེ། སྤྱིའི་ཆ་ནས་དངོས་མིན་རིག་གནས་ཤུལ་བཞག་གི་མཐོང་ཚད་རྒྱ་ཆེ་རུ་གཏོང་བར་ཕན་པ་མ་ཟད། ད་དུང་དེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་མཐོ་རུ་གཏོང་བ་དང་། མི་རིགས་མི་འདྲ་བའི་བར་ཚེ་སྲོག་བདེ་ཐང་དང་རང་བྱུང་ལ་བརྩི་བཀུར་བྱེད་པའི་སྐོར་གྱི་བགྲོ་གླེང་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲོལ་རྒྱུན་ཤེས་བྱ་དང་ལག་ལེན་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལ་མཐོང་ཆེན་བྱེད་པའང་མཚོན་ཡོད། ཨུ་ཡོན་ལྷན་ཁང་གིས་གྲོས་ཆོད་ལས་བསྟན་དོན། ཤུལ་བཞག་རིག་གནས་འདི་ཡིས་རང་བྱུང་ཁམས་དང་འཇིག་རྟེན་གྱི་སྲོལ་རྒྱུན་ཤེས་བྱའི་གལ་ཆེའི་རང་བཞིན་འབུར་དུ་བཏོན་པ་དང་། མིའི་རིགས་དང་ཁོར་ཡུག་བར་གྱི་རྒྱུན་མཐུད་རུང་བའི་འབྲེལ་བའི་ཕན་ལྡན་གྱི་དཔེ་མཚོན་མཁོ་སྤྲོད་བྱས་ཡོད།

      རེ་ཞུའི་ལས་ཀར་ཧུར་ཐག་གིས་ཞུགས་པ་ནི་ཀྲུང་གོས་《དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྤྱི་ཆིངས》ཆིངས་འཇོག་རྒྱལ་ཁབ་ཀྱི་འགན་འཁྲི་དང་འོས་འགན་སྒྲུབ་པའི་ནང་དོན་གཙོ་བོ་ཡིན་ལ། ང་ཚོས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་བཅས་པའི་ཁས་ལེན་དམ་བཅའ་ཞིག་ཀྱང་རེད། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་མཚོན་བྱེད་མིང་ཐོར་བཀོད་པ་ནི་འགོ་ཚུགས་ས་གསར་པ་ཞིག་རེད། འབྲེལ་ཡོད་སྡེ་ཁག་གིས་ལས་རིགས་ཀྱིས་གཏན་འབེབས་བྱས་པའི་སྲུང་སྐྱོབ་འཆར་གཞི་ལ་གཞིགས་ནས། འབྲེལ་ཡོད་སྡོད་ཁུལ་དང་མང་ཚོགས། མི་སྒེར་བཅས་རྩ་འཛུགས་བྱས་ནས་སྲུང་སྐྱོབ་བྱེད་ཐབས་རབ་དང་རིམ་པའི་ནང་ཞུགས་ཏེ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་དང་ལག་ལེན་ཡང་དག་བྱ་དགོས།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་འབྲེལ་བའི་རྣམ་གྲངས་འདི་ནི་2008ལོ་དང་2014ལོ་ལ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་མིང་ཐོར་བཀོད་ཡོད།